中  文
སློབ་གྲྭ་ཡོངས་ནས་དཔེ་ཀློག་སློབ་ཐུན་དང་ཚོད་ལྟ་སློབ་ཁྲིད་བྱ་འགུལ་སྤེལ་བའི་ཐབས་ཇུས།
སྤེལ་དུས།  2014-09-16 17:16:01    རྡེབ་ཚད། 

སློབ་གྲྭ་ཡོངས་ནས་དཔེ་ཀློག་སློབ་ཐུན་དང་ཚོད་ལྟ་སློབ་ཁྲིད་བྱ་འགུལ་སྤེལ་བའི་ཐབས་ཇུས།

 

མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་ཞིང་ཡོངས་སློབ་གྲྭ་ཆུང་འབྲིང་གིས་སྐབས་དགུ་བའི་ཆེད་དོན་དཔེ་ཀློག་བྱ་འགུལ་སྤེལ་བའི་བརྡ་སྦྱོར་ཞེས་པའི་2104ཡི་ཡིག་ཆ་11བའི་དགོངས་དོན་གཞིར་བཟུང་ནས། ཀྲུང་དབྱང་རྒྱལ་དོན་ལས་ཁུངས་ཀྱི་གོམ་གང་མདུན་སྤོས་ཀྱིས་དར་ལ་མ་བབས་པའི་མི་སྣའི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་བྱེད་པའི་བསམ་འཆར་འགའ་ཞེས་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། རྩིས་ཚན་བསླབ་ཁག་འབྲིང་རྒྱུགས་དང་སྦྲེལ་ནས། སྤུས་ཚད་སློབ་གསོ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། སློབ་མ་དཔེ་ཀློག་ལ་དགའ་བ་དང་གོམས་པའི་རང་གཤིས་སྐྱེད་སྲིང་བྱས་ཏེ། སློབ་བུ་དཔེ་ཆ་སྤུས་ལེགས་དང་འགྲོགས་ཤིང་། འབྱམས་ཀླས་རིག་གནས་དང་བསྡོངས་པ་དང་། མཐོང་རྒྱ་བསྐྱེད་ཅིང་། ཉམས་ལེན་ལ་དགའ་བ། སློབ་བུར་སློབ་སྦྱོང་གི་སྤྲོ་སྣང་དང་། དཔེ་ཀློག་གི་སྤྲོ་སྣང་། ལག་ལེན་གྱི་སྤྲོ་སྣང་རོལ་མྱོང་བྱེད་པའི་ཆེད་དུ། རང་སློབ་གྲྭས་སྤོ་བས་དཔེ་ཀློག་དང་། ལག་ལེན་གཙིགས་འཛིན། སྐྱིད་པོས་འཚར་ལོངས་བྱེད་ཅེས་པ་བརྗོད་གཞི་ཡིན་པའི་དཔེ་ཀློག་དང་ཚོད་ལྟ་བྱེད་པའི་བྱ་འགུལ་སྤེལ་བ་རེད། འདིར་སློབ་གྲྭ་ཡོངས་ནས་དཔེ་ཀློག་སློབ་ཐུན་དང་ཚོད་ལྟ་སློབ་ཐུན་སྤེལ་བའི་ཇུས་གཞི་བྱས་པ་གཏན་འཁེལ་བྱས་པ་གཤམ་དུ། བསླབ་ཚན་དང་གཞུང་སྒྲུབ་ཁང་སོ་སོའི་ལག་བསྟར་བྱེད་རྒྱུ་མཁྱེན།
གཅིག བྱ་འགུལ་གྱི་སྙིང་དོན།
སྤྲོ་བས་དཔེ་ཀློག ལག་ལེན་གཙིགས་འཛིན། སྱིད་པས་འཚར་ལོངས།
གཉིས བྱ་འགུལ་གྱི་དམིགས་འབེན
བྱ་འགུལ་སྤེལ་བ་བརྒྱུད། སློབ་བུའི་ཀློག་འདོན་གྱི་གོམས་གཤིས་ལེགས་པོ་གསོ་སྐྱོང་དང་། སློབ་བུའི་ཕུན་སུམ་ཚོགས་པའི་ཀློག་འདོན་ཁྲོད་ནས་ཤེས་བྱ་ཇེ་ཕྱུག་དང་མཐོང་རྒྱ་ཆེར་བསྐྱེད། ལག་ལེན་དངོས་སྤྱོད་དང་།  སློབ་མའི་བསམ་བློ་ཀུན་སྤྱོད་ཀྱི་སྤུས་ཚད་དང་མཛེས་རྟོག་མོས་འདུན་མཐོར་འདེགས་བྱས་ཤིང་། རིམ་བཞིན་སློབ་བུ་དག་གི་རང་གཤིས་དང་འཐུས་ཚང་གི་མི་གཞི་ལེགས་སྐྱོང་བྱས་ཏེ། ཀུན་གྱི་བསམ་བློ ཤེས་རབ། ལུས་ཕུང་། མཛེས་རྟོག་སོགས་ཕྱོགས་ཀུན་ནས་འཕེལ་རྒྱས་ཡོང་བར་བྱེད་པ། 
གསུམ་པ   རྩ་འཛུགས་འགོ་ཁྲིད།
ཚོགས་གཙོ།   བསོད་ནམས་རྡོ་རྗེ། 
ཚོགས་གཙོ་གཞོན་པ། གདུགས་དཀར་ཚེ་རིང་། སྙིང་རྒྱལ་ཚེ་རིང་། ཚེ་རིང་རྡོ་རྗེ།  
ཚོགས་མི། བསླབ་ཁག་སོ་སོའི་ཚན་གཙོ། ལོ་རིམ་ཚན་ཁག་གི་ཚན་གཙོ། ཁྲིད་གཞིའི་ཚན་གཙོ།
བཞི་བ། བྱ་འགུལ་གྱི་རེ་བ།
སློབ་སྦྱོང་གི་སྤྲོ་མགུ ལག་ལེན་གྱི་བྲོ་མཚར་རོལ་མྱོང་བྱེད་པ། ལོངས་སྤྱོད་་བསམ་བློ་སྣེ་སྟོན།
1        བསླབ་ཁག་སོ་སོས་ནན་ཏན་གྱིས་སློབ་བུ་རྩ་འཛུགས་བྱས་ཏེ་བྱ་འགུལ་འདིར་ཞུགས་དགོས། ལོ་རིམ་སོ་སོས་སློབ་ཐུན་བཀོད་སྒྲིག་ལེགས་པོ་བྱས་ཤིང་། ཆེད་བསྐོས་མི་སྣས་བྱ་འགུལ་ལ་འགན་ཁུར་ཞིང་། ཧུར་ཐག་གིས་དགེ་རྒན་གྱི་དཔེ་སྟོན་ནུས་པ་བཏོན་ཏེ། དགེ་རྒན་ཀློག་བལྟར་དགའ་བའི་རྣམ་པས་སློབ་བུར་ངང་ངམ་ཤུགས་ཀྱིས་ནུས་པ་སྩོལ་རྒྱུ་དང་། དགེ་རྒན་ཡོངས་དང་འཛིན་བདག དཔེ་མཛོད་ཁང་གི་དོ་དམ་པས་སློབ་བུའི་ཀློག་བལྟར་སྣེ་སྟོན་བྱེད་དགོས།
2        སློབ་གྲྭའི་དཔེ་མཛོད་ཁང་གི་དོ་དམ་དང་བསླབ་ཁག་སོ་སོའི་དགེ་རྒན་གྱིས་ཧུར་ཐག་གིས་ཀློག་བལྟའི་ལས་གཞིར་རྒྱབ་སྐྱོར་བྱས་ཏེ་དཔེ་ཆའི་གཡར་སྤྲོད་དང་ངོ་སྤྲོད་བྱ་བ་སྒྲུབ་དགོས།
3        ལོ་རིམ་ཁག་གི་འགན་འཛིན་མི་སྣར་ཐོག་མར་དཔེ་མཛོད་ཁང་དུ་སོང་སྟེ་སློབ་སྐབས་འདིའི་དཔེ་ཀློག་འཆར་གཞི་དང་དཀར་ཆགས་བཀོད་སྒྲིག་བྱས་ཏེ།  ཀློག་ལྟའི་བྱ་བར་ལྟ་རྟོག་དང་ལེགས་སྐུལ་བྱེད་པ། ཧུར་ཐག་གིས་དཔེ་ཀློག་དོ་དམ་པར་རྒྱབ་སྐྱོར་བྱས་ཏེ། སློབ་མས་ཀློག་བལྟ་དང་ཟིན་བྲིས་འདེབས་པར་མཛུབ་སྟོན་དང་སྐུལ་འདེད་བྱེད་དགོས་ལ་རང་ཉིད་ནས་ཀྱང་ཟིན་བྲིས་ལེགས་པོ་འདེབས་དགོས།
4        2014ལོའི་ཟླ་9པའི་ཚེས་8ནས་བཟུང་། ལོ་རིམ་གྱིས་གཏན་འཁེལ་བྱས་པའི་དཔེ་ཀློག་སློབ་ཁྲིད་བཀོད་སྒྲིག་ནན་ཏན་གྱིས་ལག་བསྟར་བྱེད་དགོས།
5        སྐྱེས་དངོས་རྫས་ཀྱི་བསླབ་ཁག་གི་དགེ་རྒན་གྱིས་དུས་སྔོན་ནས་ཚོད་ལྟའི་ཡོ་ཆས་གྲ་སྒྲིག་བྱས་ཤིང་དུས་ལྟར་ཚོད་ལྟའི་སློབ་ཁྲིད་སྤེལ་དགོས་པ་དང་། ཚོད་ལྟའི་གནས་ཚུལ་སྙན་ཞུ་བྲིས་ཤིང་། མཇུག་མཐར་ཚོད་ལྟའི་ཡོ་ཆས་སྡུད་ལེན་བྱས་ཤིང་གྲལ་དག་པར་ཚད་དང་མཐུན་པར་ཉར་ཚགས་བྱེད་དགོས།
6        སྐྱེས་དངོས་རྫས་ཀྱི་བསླབ་ཁག་གི་དགེ་རྒན་གྱིས་དུས་ལྟར་རང་སྒེར་གྱི་ཚོད་ལྟའི་འཆར་འགོད་འཐེན་ཞིང་། ཁྲིད་གཞི་གྲ་སྒྲིག་དང་གནས་ཚུལ་སྙན་ཞུ་ཇུས་འགོད་བྱེད་དགོས།
7        སློབ་གྲྭའི་དོ་དམ་ཁང་གིས་བཀོད་སྒྲིག་བྱས་པའི་སློབ་ཐུན་འཆར་བཀོད་ལོ་རིམ་ཁག་དང་འཛིན་གྲྭ་སོ་སོས་གང་འདོད་སྒོས་སྡེབ་སྒྲིག་དང་བརྗེས་བསྣུར་བྱས་མི་ཆོག
8        སློབ་མཇུག་ལ་སློབ་གྲྭས་དངོས་ཡོད་གནས་ཚུལ་བཞིན་དུ་ཕུལ་བྱུང་དཔེ་ཀློག་འཛིན་གྲྭ་དང་ཕུལ་བྱུང་མི་སྒེར། ཚོད་ལྟའི་ལག་ལེན་ཕུལ་བྱུང་བ་བཅས་འདེམ་དཔྱད་བྱས་ཤིང་རྟིང་སྐུལ་གནང་རྒྱུ།
9        གོང་སྨྲས་དོན་ཚན་ཡོད་ཚད་ནན་ཏན་གྱི་ལག་བསྟར་བྱས་ཤིང་། དེ་དང་འགལ་ཚེ་སློབ་གྲྭའི་དགེ་རྒན་ཀུན་སྤྱོད་དོ་དམ་ལམ་ལུགས་ལྟར་དུ་ཐག་གཅོད་བྱེད་རྒྱུ།
སློབ་གྲྭའི་སློབ་ཁྲིད་དོ་དམ་ཁང་ནས།
པར་ལྡན་འོས་སྦྱོར།