中  文
སྐབས་སུམ་ཅུ་བའི་དགེ་རྒན་དུས་ཆེན་གྱི་གཏམ་བཤད
སྤེལ་དུས།  2014-09-12 11:56:41    རྡེབ་ཚད། 

 

སྐབས་སུམ་ཅུ་བའི་དགེ་རྒན་དུས་ཆེན་གྱི་གཏམ་བཤད།
འདིར་བཞུགས་དགེ་རྒན་རྣམ་པ སློབ་གྲོགས་རྣམ་པ་ཕྱི་དྲོ་བདེ་ལེགས།
དབྱར་གསུམ་ཚ་བའི་ངར་ཁ་ཁད་ཀྱིས་ཡལ་ཞིང་། སྟོན་གྱི་འབྲས་བུ་ཁུར་དུ་ལྕི་བའི་དུས་བཟང་འདིར། ང་ཚོས་སླར་ཡང་འདི་ལྟར་སྐབས་སུམ་ཅུ་བའི་དགེ་རྒན་དུས་སྟོན་དེ་བསུས་བྱུང་། འདི་ནི་སློབ་གསོའི་ལོ་རྒན་འཁོར་མོ་གཅིག་གི་མཇུག་མཐའ་ཡིན་ཞིང་། བྱ་བཞག་གསར་བ་འགོ་འཛུགས་པའི་དུས་ཚིགས་ཤིག་ཀྱང་རེད། དུས་འདིར་ངས་དགེ་སློབ་སྟོང་ཕྲག་གསུམ་གྱི་ཚབ་དུ་འདིར་བཞུགས་དགེ་རྒན་དག་ལ་གུས་པས་འདུད་ཅིང་དུས་སྟོན་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། དུས་མཚུངས་སུ་སློབ་ལོ་གཅིག་གི་བྱ་བཞག་ཁྲོད་འབྲས་བུ་གཡུར་དུ་ཟ་བ་བླངས་པའི་དགེ་རྒན་དང་སློབ་བུ་རྣམས་ལ་བཀྲ་ཤིས་རྟེན་འབྲེལ་ཞུས་པ་ཡིན།   
འདས་པའི་ལོ་འཁོར་གཅིག་ནི་ང་ཚོ་སློབ་གྲྭའི་འཕེལ་རྒྱས་ཇུས་ཆེན་གྱི་རིམ་པ་གསུམ་པའི་ལོ་འགོ་ཡིན་ཞིང་། ང་ཚོས་ཏང་གི་ལམ་ཕྱོགས་སློབ་གསོའི་དགོངས་དོན་གཞིར་བཟུང་ཞིང་། སློབ་གསོ་བྱ་བཞག་འདི་ཡི་ཆེད་དུ་ཕན་ཚུན་ལག་རྡང་སྦྲེལ་ཞིང་། བརྩོན་ཤུགས་བསྐྱེད་དེ། དོ་དམ་དག་སྒྲིག། སྒྲིག་གཞི་ལེགས་སྡེབ། ལྟ་རྟོག་སྐུལ་འདེད་ཀྱི་ལས་སྣ་དྲངས་ཤིང་སྤུས་ཚད་སློབ་གསོའི་དར་ཆ་སྒྲེང་སྟེ། དགེ་རྒན་གསོ་སྦྱོང་། སློབ་ཁྲིད་ཞིབ་དཔྱོད། ངལ་རྩོལ་ལག་ལེན། རིག་རྩལ་བྱ་འགུལ་བཅས་པའི་སློབ་གསོའི་ལས་གཞི་ནི་རབས་དང་རིམ་པར་སྤེལ་ཞིང་། མཚུངས་སུ་དགེ་སློབ་ཕན་ཚུན་གྱིས་འཚར་ལོངས་དང་འཕེལ་རྒྱས་ཀྱི་སྤྲོ་མགུ་མྱངས་ཤིང་། མ་འོངས་སློབ་གསོའི་བྱ་བར་རེ་བས་བལྟས།  དུས་འདིར། སྟོན་ཟླའི་བསིལ་བསེར་ཁྲོད་ནས་ཞིབ་ཏུ་ཕྱིར་གཞིགས་རེ་བྱས་ན། ང་ཚོའི་སློབ་གསོའི་བྱ་བར་འཕེལ་རྒྱས་ཀྱི་རྟགས་མཚན་གསལ་ལེར་ཡོད་ཅིང་། རྒྱལ་ཁའི་འབྲས་བུ་ཡང་ལྗིད་ཏིག་ཏིག་ཅིག་བླངས་ཡོད། ལྷག་པར་དུ་སློབ་རའི་ཉི་འོད་ལུས་རྩལ་གྱི་དར་སྤེལ། སློབ་དཔྱོད་བྱ་འགུལ། ཁོར་ཡུག་འཛུགས་སྐྲུན། འཕྲོད་བསྟེན་རིག་གནས། ཉལ་ཁང་དོ་དམ། ཟས་རིགས་བདེ་འཇགས་ཀྱི་རྨང་གཞིའི་བྱ་བར་སྔར་ན་མེད་པའི་ཞིབ་ཚགས། གྲལ་དག ཚད་ལྡན། ཡང་དག་གི་ཚད་རིམ་མཐོན་པོར་ཐོན་ཞིང་། སློབ་རའི་རིག་གནས་འཛུགས་སྐྲུན་ལ་གསོན་ཤུགས་བསྩལ་ཡོད། དེ་ཡང་དེ་བས་ཀྱང་ཞིབ་ཏུ་གཞིགས་ཚེ་ང་ཚོས་མི་འདང་བའི་གནས་དང་ཆད་སྐྱོན་ཡང་མི་ཉུང་བ་ཞིག་མཐོང་ཐོས་མྱོང་གསུམ་བྱེད་ཐུབ་པས། འདི་ནི་ང་ཚོའི་མ་འོངས་བྱ་བའི་ཁ་གཏད་ས་དང་ཤུགས་རྒྱག་ས་ཡིན་པས། ང་ཚོའི་དུས་སྟོན་གསར་བའི་བར་མཚམས་འདི་ནས་བཟུང་སྟེ། དམིགས་ཚད་གསར་བ། ཇུས་གཞི་ཡང་དག ལག་ལྟར་རྣལ་མོ་བྱས་ཏེ་མ་འོངས་བྱ་བའི་ཁྲོད་དུ་དགེ་རྒན་ཀུན་ནས་རང་སེམས་ལ་འཆར་གཞི་རེ་བཀོད་ཅིང་། སློབ་དཔྱོད་དང་ཞིབ་འཇུག མཉམ་འབྲེལ་དང་མཐུན་སྡེབ་ཀྱིས། རེ་དགའ་རེ་སྡུག་གི་སེམས་པའི་ཀློང་ནས། སློབ་བུ་དང་སློབ་གསོར་གཅེས་པའི་མོས་འདུན་དང་སློབ་གསོའི་འདུ་ཤེས་མཐོར་འདེགས་བྱས་ཏེ། སྙིགས་འདོར་བཅུད་ལེན། རང་སྒེར་འཕོ་བརྒལ་གྱི་རྣམ་པས་ཡུལ་འདིའི་སློབ་གསོ་བྱ་བར་མུ་མཐུད་ནས་གྲུབ་འབྲས་ངན་ངོན་རེ་འབུལ་ཅི་ཐུབ་བྱེད།
ད་ལོར་མཚོན་ན་ང་ཚོའི་སློབ་གྲྭའི་ཁྱིམ་གཞིར་རྒྱང་རིང་ཡུལ་ཤུལ་ནངས་ཆེན་རྫོང་གི་འཛིན་གྲྭ་ཞིག་ཐོན་ཞིང་། སློབ་རའི་ཁྱིམ་གཞིར་ཁམས་པའི་བུ་དང་བུ་མའི་རིག་གནས་ཀྱི་ཉམས་སྣང་གསར་བ་ཞིག་བསྣན་ཞིང་། རིག་གནས་འབྲེལ་སྦྱོར་དང་མདོ་ཁམས་བརྩེ་སེམས་གཅིག་སྦྲེལ་གྱི་རྟེན་འབྲེལ་སྒྲིག། རགས་རྩིས་ཙམ་བྱས་ན་ད་ལོ་ང་ཚོའི་སློབ་གྲྭར་རང་རྫོང་ལས་གཞན་རྫོང་ཁག་ལྔ་དྲུག་གི་སྤུན་ཟླ་སློབ་བུ་ཉིས་བརྒྱ་་ཙམ་འདུས་ཡོད་པས། ང་ཚོའི་སློབ་གྲྭའི་རིག་གནས་སྣ་བརྒྱ་དར་སྤེལ། ཁྱད་ཆོས་དགུ་སྒྲིག་རྣམ་པར་མཐུན་རྐྱེན་སྦྱར། འདི་ནི་སྔར་ན་མེད་པའི་རང་བཞིན་ཞིག་དང་། གསོན་ཤུགས་ཤིག ང་ཚོ་ཚང་མས་སློབ་གསོའི་དཀྱེལ་ཡངས་བའི་འདུ་ཤེས་ལྷུར་ལེན་བྱས་ཏེ། སྔར་ལས་ལྷག་པའི་དམིགས་འབེན་ཞིག་བསྙེགས་དགོས།
མདོར་ན། གསེར་ལྡན་སྟོན་ཟླ་ནི་འབྲས་བུ་སྡུད་ལེན་གྱི་དུས་ཚིགས་ཤིག སྟོན་ཟླ་ནི་འགྱེད་གཏོང་གི་དུས་ཚིགས་ཤིག དེ་རིང་ང་ཚོས་རྒྱལ་ཁའི་ལག་རྟགས་ཕྲན་བུ་བླངས་ཤིང་། མ་འོངས་པར་མུ་མཐུད་ནས་བཟང་ཐོག་ཡག་བརྩེགསདང་། དགེ་སློབ་ཀུན་ནས་མིག་དཔེར་ཡར་བལྟ། ཕན་ཚུན་སློབ་སྦྱོང་བྱས་ཏེ། རང་སེམས་ལ་རེ་དམིགས་གསར་བ་སྦྲུམ་ཞིང་། སློབ་གསོའི་ས་བོན་དྲོན་མོ་བརྩེ་བས་བཏབ་སྟེ། ལོ་ཟླ་གཞུག་མའི་འབྲས་བཟང་སྨིན་པར་ཡུན་གྱིས་བལྟ། 
མཇུག་མཐར་དུས་སྟོན་འདི་རུ་ལྗིད་ཏིག་ཏིག་གི་འབྲས་བཟང་རྟགས་མ་བླངས་པའི་དགེ་རྒན་དག་དང་རྒྱ་ཆེའི་དགེ་རྒན་དུས་སྟོན་ལ་རྟེན་འབྲེལ་ཡང་ཡང་ཞུ་བ་དང་སྦྲགས། ཁྲི་ཀ་རྫོང་མི་རིགས་སློབ་གསོ་ཡར་ངོས་ཟླ་བཞིན་འཕེལ་བའི་སྨོན་འདུན་དང་། འདིར་བཞུགས་དགེ་སློབ་ཡོངས་ཀྱི་ལུས་ལ་ནད་མེད། སེམས་ན་སྡུག་མེད། བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཞུ། 
   བཀྲ་ཤིས་བདེ་ལེགས།  
པར་ལྡན་འོས་སྦྱོར།