中  文
ངའི་དྲན་གདུང་གི་མཚོ་དབུས་ན་འཛུམ་པའི་པད་མ་དཀར་པོ།
སྤེལ་དུས།  2012-11-28 17:33:25    རྡེབ་ཚད། 

    ངའི་དྲན་གདུང་གི་མཚོ་དབུས་ན་འཛུམ་པའི་པད་མ་དཀར་པོ།

མཁས་དབང་རང་གྲོལ་མཆོག་ལ་རྗེས་དྲན་དུ།
                 དགུ་གཉིས་འཛིན་གྲྭ།    སྐལ་བཟང་བཀྲ་ཤིས།
 ངའི་ཡིད་སེམས་དྲན་འཛིན་གྱི་ཤོག་དཀར་ངོས་སུ་རིག་གཞུང་ཀུན་མཁྱེན་གྱི་ལྗོན་འདབ་རབ་ཏུ་རྫོགས་པའི་སྐྱེས་ཆེན་མང་དུ་བཞུགསཀྱང་།  ངའི་དད་སེམས་ཨ་སྔོན་གྱི་དབྱིངས་སུ་རེ་སྨོན་སྣང་བྱེད་ཀྱི་ཟེར་བརྒྱ་འཕྲོ་བ་ནི་སྐུ་ཞབས་རང་གྲོལ་ལགས་ཀྱི་སྣང་བརྙན་གསོན་པོ་ལགས།
     བྱམས་ལྡན་ཨ་མའི་མངལ་གྱི་ཁང་བཟང་ལས་ཚེ་སྲོག་གི་ས་བོན་ཐོག་མ་མི་ཡུལ་གྱི་ཞིང་ཁམས་སུ་གཏོར་དུས་ང་ཚོ་དང་གཉིས་མེད་ཀྱི་ཁྱེའུ་གཙང་མ་ཞིག   ལོ་ཟླའི་འཁོར་སྐྱོད་ཀྱི་བརྒྱུད་རིམ་ཁྲོད་དུ།ཁོང་ཉིད་ཀྱིས་ཟླ་མེད་སྐྱེ་སྟོབས་ཀྱི་ཤེས་རབ་རྣོན་པོར་སྦྱང་སྟོབས་རྩོན་འགྲུས་ཀྱིས་ཡང་ཡང་བརྡར་བས།རིག་གཞུང་ཁྲི་ཕྲག་གི་རྨོངས་པ་ཟིལ་གྱིས་མནན།  དེ་དུས་བསིལ་ལྡན་ཁ་བ་རི་བོའི་ཡུལ་ཁམས་ན་བསྟོད་བསྔགས་མེ་ཏོག་གི་མཆོད་འབྲུ་བཤམས་ས་ནི་ཁོང་ཉིད་ཀྱི་མཚན་བྱང་བརྗིད་པོ་ལགས།  ཁོང་གི་བློ་གྲོས་ཀྱི་རྩལ་ལས་འཁྲུངས་པའི་བླ་མེད་ཀྱི་ཚོར་འདུ་རེ་རེ་དང་།  རིགས་ཞེན་ཤ་གསེང་ལས་བརྡོལ་བའི་ན་ཟུག་གི་ལྗགས་རྩལ་རེ་རེ་ན།བདེན་ལུགས་ཀྱི་དར་ཆ་རེ་རེ་ཡོད་ལ།ཉམས་མེད་ཀྱི་བློ་སྟོབས་རེ་རེ་རང་མཆིས།ཡིན་ཡང་།
  ལྡོག་མེད་གཤིན་རྗེ་ཡི་བཀའ་དབང་བཙན་པོའི་འོགངའི་དད་འདུན་གྱི་ཀློང་རིམ་ན་འཚོ་བའི་ཁྱོད་   དམ།ཆོལ་གསུམ་བོད་མིའི་སྙིང་དབུས་ན་འཛུམ་པའི་འོད་ལྡན་གྱི་ཉི་མ་སེར་པོ་ནུབ་ལ་ཡལ།ཁྱེད་མེད་པས།བཙན་པོ་ཧྲག་དམག་གི་སྙིང་སྟོབས་བདེན་དཔང་བྱེད་པའི་རིག་སྟོབས་ཀྱི་དཔའ་བོ་བྲི་ཞིང་མདུན་སྐྱོད་གོམ་སྒྲ་ལ་སྤོབས་པ་བར་མེད་སྩོལ་བའི་སྐུལ་ལྕག་གི་ཆར་རྒྱུན་ཆད།ཁྱེད་རང་འདི་ལྟར་འགྲུལ་བཞུད་ཐེངས་ཤིག་གིས་རིགས་མཐུན་ཚོའི་རྩོམ་རིག་གི་གཤིན་སར་སྔོན་ཐོན་གྱི་སྦྲང་ཆར་ཟམ་ཟིམ་དུ་བབས་ཞིང་རིགས་སྐྱོང་དྲང་བདེན་དང་ལེགས་ཉེས་བླང་དོར་གྱི་མར་མེ་སྒྲོན།ཁྱེད་རང་འདི་ལྟར་བཞུད་པ་ནི་སྤུ་རྒྱལ་བོད་པ་ཚང་གི་འདས་མ་ད་གསུམ་གྱི་གྱོང་གུད་ཡིན་ལ་དེང་རྩོམ་འཕེལ་རྒྱས་ཀྱི་རླུང་རྟ་དར་བའི་གེགས་རྐྱེན་ཡང་ཅི་ལ་མིན།  འདི་ལྟར།འཕར་སྤྱང་གི་ངུ་ཟུག་རྒོད་ཅིང་ལྕགས་སྒྲོག་གི་གཡོ་སྒྱུ་བཙན་པའི་དུས་དེ་རིང་ཁྱེད་ཉིད་དྲན་  པའི་ན་ཟུག་འདི་ཇེ་ལྗིད་ནས་ཇེ་ལྗིད་རེད།འོན་ཀྱང་།དུས་དེ་རིང་བོད་གངས་ཅན་གྱི་མི་རབས་གསར་བ་ཚོས་སེམས་པའི་ཨ་ལོང་གཅིག་ཏུ་སྒྲིལ་ཞིང་མཐུན་པའི་ལག་རྡང་དམ་དུ་སྒྲིལ་ནས་ཁ་གཡང་གི་འབོད་ཚིག་སྒྲོག་ཞོར།     མཉམ་འཛོམས་ཀྱི་གླུ་
དབྱངས་ལེན་ཞོར།སྤོབས་པ་ཆེན་པོས།དཔའ་ངར་ཆེན་པོས་མདུན་དུ་སྐྱོད་དེ་ཁྱེད་ཀྱི་རྗེས་འཇུག་པ་བྱེད་པར་བྲལ།དེ་བས་ཁྱེད་རང་བདེ་བར་བཞུད་དང་།ང་ཚོ་ལ་ལ་རྒྱ་ཡོད།ང་ཚོ་ལ་དཔའ་ངར་ཡོད།ང་ཚོ་ལ་ཡིད་ཆེས་ཡོད།ང་ཚོས་ཁྱེད་ཀྱི་རེ་བ་སྟོང་  ཟད་དུ་མི་གཏོང་བར།ཆོས་ལྡན་ཨ་མའི་བུ་ལ་ཚེ་སྲོག་གི་རྣམ་ཤེས་གསོན་པོ་འདི་སྦྱིན་ནས་འཛམ་གླིང་གོ་ལ་ཟླུམ་པོའི་ཡང་རྩེ་ནས་སྤྲེལ་རྒྱུད་གདོང་དམར་ཚང་འདི་ཡང་བསྐྱར་འབར་དུ་འཇུག་ངེས།