中  文
ཡལ་མེད་རྟག་བརྟན་གྱི་ལང་ཚོ།
སྤེལ་དུས།  2013-03-16 13:16:19    རྡེབ་ཚད། 

ཡལ་མེད་རྟག་བརྟན་གྱི་ལང་ཚོ།

-----དགུ་གཅིག རིན་རྡོ།
ཁྱེད་རང་། ཉི་མ་བཞིན་ནུབ་ཟིན་ནའང་།
མི་ཡུལ་འདིར་བསྩལ་བའི་དྲོད་ཁོལ་དང་། བརྩེ་བ། ད་དུང་།
ས་གཞི་འདིར་བསྩལ་བའི་གསོན་ཤུགས།
སྐྱེ་དངོས་ཡོད་ཚད་ལ་བཏེགས་པའི་ལང་ཚོ།
དེ་ལས་གཞན། མི་རིགས་འདིར་བཅངས་པའི་དུངས་ཀར།
ནམ་ཡང་། ཉམས་པ་མེད། ཞུམ་པ་མེད། འཇིག་པ་མེད།
ཁྱེད་ཀྱིས་དྲང་བདེན་དང་ལ་རྒྱའི་ཆེད་དུ།
བླ་མེད་ཀྱི་མགོ་བོ་དེ་གཞན་གྱི་རྐང་འོག་ཏུ་མི་འཇོག་པར།
གཞན་གྱི་མགོ་ཐོག་ཏུ་བསྒྲེངས་ནུས།
ཡིན་ཡང་། ཁྱེད་རང་གཤེགས་ཤུལ་ནས།
ན་གཞོན་མང་པོ་ཞིག་གི་སེམས་པ་སྐྱོ་གདུང་གིས་མནར་ཞིང་།
དྲན་གདུང་གིས་གཟིར།
ཁྱེད་རང་གཤེགས་ཟིན་ནའང་།
གསར་སྤོབས་ཀྱི་བློ་སྟོབས་དང་འཐབ་འཛིང་གི་ཉམས་འགྱུར།
རྗེས་རབས་པའི་སེམས་ངོས་ན།
རྦབ་ཆུ་བཞིན། གཙང་བོ་བཞིན།
ནམ་ཡང་། འཛད་མཐའ་མེད།
འཇགས་མི་སྲིད་པའི་ཡར་ཀླུང་གཙང་བོའི་ཁྲག་རྒྱུན་ལ།
འཛད་མཐའ་མེད་ན།
ཁྱེད་ཀྱི་མཛད་རྗེས་ལ་དེ་བས་ཀྱང་ཉམས་པ་མེད།
 
དུས་ད་ལྟ། ཤེས་རིག་གི་བློ་སྟོབས་ཉག་ཕྲ་ཞིང་།
བློ་རྒྱ་ཡི་བསམ་བློ་ཀུན་ནས་དོག་པའི།
བུ་ཆུང་ངས། དགེ་རྒན་གྱི་ངག་དང་། ཕ་མའི་ཁ་ཏ་ལས།
ཁྱེད་ཀྱིས་མི་ཡུལ་འདིར་བསྐྲུན་པའི་ལོ་རྒྱུས་དེ་གླེང་ཚེ།
ཁ་བ་བཞིན་གཙང་བའི་བུ་ངའི་སེམས་ངོགས་སུ།
རེ་སྨོན་གྱི་རླུང་རྟ་བཞིན།
རེ་སྒུག་གི་དུང་ཟླ་བཞིན།
བག་ཡངས་ཀྱིས་འཕྱོ་ཞིང་།
ལྷབ་ལྷུབ་ཏུ་བསྐྱོད།
དུས་ནམ་ཞིག་ལ།
ཁྱེད་རང་རི་གསུམ་གྱི་རྩེ་ནས།
རྒྱ་མཚོ་ཡི་ངོགས་ནས།
ཉི་ཟེར་བཞིན་འཕྲོ་ལ།
རྦ་རླབས་བཞིན་འཕྱོ་ནུས་ན།
བསིལ་ལྡན་གྱི་གངས་ལྗོངས་འདིར།
ཡང་བསྐྱར་དྲོད་ཁོལ་གསར་བ་ཞིག་དང་།
ཕུགས་བསམ་གསར་བ་ཞིག
བཅོས་མ་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དོན་ངོ་མ་ཞིག
བོད་གངས་ཅན་གྱི་མི་རབས་གསར་བ་འདིའི།
སེམས་ཁུང་དུ་ཟུག་པར་ནུས་ཡ།
ཡལ་མེད་རྟག་བརྟན་གྱི་ལང་ཚོ་ཀྱེ།
པར་ལྡན་འོས་སྦྱོར།