中  文
གངས་ལྗོངས་ཀྱི་དཔའ་བོར་བསྟོད་པ།
སྤེལ་དུས།  2013-03-15 13:18:57    རྡེབ་ཚད། 

གངས་ལྗོངས་ཀྱི་དཔའ་བོར་བསྟོད་པ།

— སྐུ་ཞབས་དོན་འགྲུབ་རྒྱལ་ལགས་ལ་རྗེས་དྲན་དུ།
          སྐྱེ་ནས་འཆི་བ་ནི་འཁོར་བའི་ཆོས་ཉིད་ཡིན་ཡང་།
གང་ཟག་ཐམས་ཅད་འཆི་ཚུལ་མི་འདྲ་སྟེ།
མི་ལ་ལ་ཞིག་ནི། རྒྱུ་དང་གོ་ས་ལ་རྔམ་ཞིང་།
ཡང་མི་ལ་ལ་ཞིག   ཤོ་དང་དུ་ཆང་ལ་དུངས།
          འོན་ཀྱང་། གངས་ཁྲོད་ཀྱི་དཔའ་བོ་ཁྱེད་ནི།
          གཞན་དང་མི་འདྲ་སྟེ།
          ཁྱེད་ཀྱི་ལུས་སྟེང་ན་འབར་བ་ནི།
          ལ་རྒྱའི་མེ་དཔུང་ཡིན་ལ།
          ཁྱེད་ཀྱི་རུས་གསེང་ན་རྒྱུ་བ་ནི།
          རིགས་ཞེན་གྱི་དུང་སེམས་ཡིན།
          ཁྱེད་ཀྱིས།   རང་ཉིད་ཀྱི་བདེ་སྐྱིད་དོར་ནས།
          དུས་རབས་ཉེར་གཅིག་པའི་གཞོན་ནུ་རྣམས།
          རྨི་ལམ་གྱི་ཞིང་ཁམས་ནས་སློང་བར་བརྩོན།
ཁྱེད་ཀྱི་ལུས་སྟེང་ན།
 འཛད་མེད་ཀྱི་ལ་རྒྱའི་གཟི་དཔལ་ཡོད་ལ།
 མདངས་མི་ཉམས་པའི་རིགས་ཞེན་གྱི་དུངས་བ་ཡོད།
 ཁྱེད་ཀྱིས་གངས་ལྗོངས་ལ་བཞག་པའི།
 གསུབ་མེད་ཀྱི་མཛད་རྗེས་རེ་རེ་ནི།
 དུས་རབས་ཉེར་གཅིག་གི་གཞོན་ནུ་ཚོའི་སྙིང་སྟོབས་ཡིན།
 བདེ་བར་གཟིམས་ཤིག     གངས་ལྗོངས་ཀྱི་དཔའ་བོ།
 ཁྱེད་ནི་མ་ཡུམ་གངས་ལྗོངས་ཀྱི་གཟི་བརྗིད་ཡིན་ལ་ང་རྒྱལ་ཡང་ཡིན།
 བདེ་བར་གཟིམས་ཤིག    གངས་ལྗོངས་ཀྱི་དཔའ་བོ།
 ཁྱེད་ཀྱི་ལང་ཚོའི་རྦབ་ཆུའི་རླབས་སྒྲ།
 སྟོད་ཀྱི་གངས་ཁྲོད་ན་གྲག་ཅིང་།
 སྨད་ཀྱི་རྒྱ་མཚོ་ན་འཕྱུར་བཞིན་འདུག
 བདེ་བར་གཟིམས་ཤིག    གངས་ལྗོངས་ཀྱི་དཔའ་བོ།
 ཁྱེད་ཀྱིས་གངས་ལྗོངས་ལ་བཞག་པའི་ཞབས་རྗེས་རེ་རེ་ལ།
 ང་ཚོས་དུས་བརྟན་དུ་ཡི་རངས་དང་གོང་བཀུར་བྱེད་ངེས།
 བདེ་བར་གཟིམས་ཤིག   གངས་ལྗོངས་ཀྱི་དཔའ་བོ།