中  文
སྐར་མ་འོད་ཆེན།
སྤེལ་དུས།  2014-09-10 18:26:21    རྡེབ་ཚད། 

 

སྐར་མ་འོད་ཆེན།
འཇམ་མགོན་སྐྱབས།
རང་གཞན་ཀུན་གྱི་གཙུག་ན་འཚེར་བའི་ཤེས་རབ་ལྷག་པའི་ལྷར།།
ལྷག་བསམ་གཙང་བས་གུས་པར་བཏུད་ནས་ཕན་བདེའི་བདག་ཉིད་ཀྱི།།
ངོ་བོ་དབྱེར་མེད་གཞན་མཚུངས་མིན་པའི་དུས་ཆེན་སླེབས་པ་ལ།།
བསླུ་མེད་སེམས་ཀྱིས་བསྟོད་ཅིང་བསུ་བའི་ཐལ་མོ་སྙིང་ལ་སྦྱོར།།       
 
ཁ་བ་གངས་ཀྱི་མུ་ཁྱུད་ཀློང་ན་ཞུམ་མེད་སྙིང་སྟོབས་འབར། །
ཨ་སྔོན་དབྱིངས་ཀྱི་བང་རིམ་ཁྲོད་ན་གྲང་ངར་རྩུབ་མོར་རྒོལ། །
མུན་དང་རྨོངས་པའི་བཀག་རྒྱའི་བར་ན་རིག་པའི་འོད་སྣང་འཕྲོ། །
སྔོན་བྱོན་མེས་པོའི་བཞུད་ལམ་དཀྱིལ་ན་ཤེས་བྱའི་ས་བོན་འཚོལ། །
 
གཞན་ཕན་ལས་དོན་ཁུར་དུ་ཁྱེར་ནས་དགོངས་པ་ལྷུག་པོར་སྩོལ།།
སྤྱན་ཟུང་ཨུཏྤལ་མདངས་ཀྱི་དབུས་ནས་སྙིང་རྗེའི་ཟིལ་བ་མེར།།
ཕྱག་ཟུང་པདྨའི་ཟེའུ་འབྲུའི་སྟེང་ནས་འདོད་པའི་ཟིལ་དངར་སྦྱིན།།
བསྐལ་བ་མ་འཇིག་རྟེན་གཞིའི་པང་ནས་དགེ་བའི་ཚོགས་ཀུན་བསགས།།
 
དུས་གསུམ་འཁོར་ལོ་སྟོང་གི་ཀློང་ན་སྐྱིད་སྡུག་ངང་གིས་བསུ། །
ཕུལ་བྱུང་ཉི་ཟླའི་གཟི་མདངས་བར་ན་ནུས་པ་གང་ལེགས་འདོན། །
ཉིན་མཚན་དུས་དྲུག་འཁོར་བསྐྱོད་ཁྲོད་ན་འགྱུར་མེད་བརྩེ་བས་གཟིགས། །
འགྲོ་བ་ཡོངས་ཀྱི་རེ་འདོད་ཆེད་དུ་རིག་པའི་གཤོག་རྩལ་ངོམས། །
 
རང་སེམས་ཡིད་ཀྱི་མཚོ་མོའི་ཀློང་ན་སྐར་མ་འོད་ཆེན་མཛེས། །
གཞན་དོན་བསམ་པའི་མར་མེ་ཁྲོད་ན་སྐར་མ་འོད་ཆེན་ལྷག །
རང་གཞན་ཀུན་གྱི་གླེང་མོལ་བར་ན་སྐར་མ་འོད་ཆེན་བརྗིད། །
སྐར་མ་འོད་ཆེན་གཏན་དུ་གནས་པར་རྟེན་འབྲེལ་སྨོན་ལམ་ཞུ། །