中  文
དུས་ཆེན་ལ་བསྒྲོན་པའི་མར་མེ།
སྤེལ་དུས།  2014-09-10 18:27:23    རྡེབ་ཚད། 

 

དུས་ཆེན་ལ་བསྒྲོན་པའི་མར་མེ།
         
    ____
སྐབས༣༠བའི་དགེ་རྒན་དུས་ཆེན་ལ།

            
སྟག་རིག་འབྲུག་ཐར།
ལག་སྣེར་བཀལ་བའི་དཔེ་ཆ་ནར་མོ།
ཁོ་ཚོའི་མགུལ་དུ་བསྒྲོན་པའི་ཕྲེང་བ་དམར་པོ་བཞིན།
ཡང་ཡང་རེག་ནས་རང་ལས་གཞན་ཕན་གྱི་དགེ་བ་གཙིགས་སུ་བཟུང་།
ཅོག་མདུན་དུ་སྤམ་མཐོ་བའི་འབྲི་དེབ་མོད་པོ།
ཉེ་རྒྱང་གང་རུང་ན་རྔམ་གྱིས་བརྗིད་པའི་རི་ཚོགས་བཞིན།
ཡང་ཡང་གཟབ་གཟབ་ཀྱིས་གཞལ་ནས་རེ་འགན་གྱི་དམིགས་པ་འགྲུབ་ལ་འདུར།
མཛུབ་བར་ན་གཡོ་འཁྱོམ་གྱི་གར་ལ་བྲེལ་བའི་སྨྱུག་ཆུང་ཕྲ་མོ།
ཡིག་ནོར་དོན་འཁྲུལ་གྱི་གཡུལ་འགྱེད་ཁྲོད་ན་དཔའ་བོ་བཞིན།
ཡང་ཡང་འགྱེལ་ལང་གི་སྦྱོར་བ་ལས་མཐའ་འབྲས་ཀྱི་བ་དན་རྩོད།

ཡིན་ཡང་། སོས་དལ་བའི་ཁོམ་ལོང་མེད་ཚུལ།
ཚེགས་ཆེ་བའི་དཀའ་བ་མང་ཚུལ།
སུ་ཞིག་གིས་བདེན་ཁ་ཁྱེར་ནས་ཁྱེད་ཅག་ལ་ར་སྤྲོད་བྱེད་ཐུབ།
སུ་ཞིག་གིས་དྲོད་ཁོལ་བསྣམས་ནས་ཁྱེད་ཅག་ལ་སེམས་གསོ་བྱེད་སྲིད།

འབྲོང་བྲེ་ལོ་ལྟ་བུའི་ངའི་དགེ་རྒན་ཚོ།
མཐའ་འཁོབ་ཀྱི་ཡུལ་གྲུ་དེ་རུ།
རང་དབང་སེམས་པ་དྭངས་མོ་སྒྲིག་སྲོལ་གྱིས་རྙོག་དུས།
ཞལ་ངོ་མེ་ཏོག་འདྲ་བོར་སྟོན་མཇུག་གི་བ་མོས་བཅོམ་ཚར།
ཞལ་གསུང་ཁུ་བྱུག་ལྟ་བུར་དགུན་ལྗོངས་ཀྱི་གྲང་ངར་གྱིས་བཅུམ་ཚར།

རྟ་མཆོག་ལྟ་བུའི་ངའི་དགེ་རྒན་ཚོ།
རྒྱུ་ལམ་གཟར་བའི་འགག་འཕྲང་དེ་རུ།
རྩལ་ལྡན་གྱི་སྟངས་སྟབས་ཡང་མོ་གཞན་དབང་གི་སྒྲོག་ལ་ཚུད་དུས།
གོམ་ལག་བདེ་མྱུར་ཅན་པོ་ག་ས་ནས་བོར་ཚར།
རེ་སྨོན་འོད་སྣང་གསལ་བོ་ག་དུས་ནས་སྒྲིབ་ཚར།

གཡོར་གྲུ་ལྟ་བུའི་ངའི་དགེ་རྒན་ཚོ།
བསིལ་རླུང་གི་རྒྱུ་བ་ཕྲ་མོས།
ཤེས་བྱའི་མཚོ་འཇིངས་སུ་བསྐྱོད་དུས།
རྒྱལ་ཁ་དང་གཡབ་མོ་གཡོབས་པའི།
འབྲས་རྟགས་ཀྱི་གསེར་བུམ་འདེགས་མཁན།
སྐུལ་འབོད་ལ་རེམ་པའི་བུ་སློབ་ཀྱི་ཚོགས་ལས་སུ།

གླག་རྒོད་ལྟ་བུའི་ངའི་དགེ་རྒན་ཚོ།
སྤྲིན་དཀར་གྱི་ལང་ལིང་གར་གྱིས།
ཤེས་རིག་གི་ནམ་འཕང་འཕྲེད་དུ་གཏིབས་དུས།
རེ་བཞག་དང་མིག་ལ་ཐོགས་པའི།
བརྩོན་འགྲུས་ཀྱི་སྙིང་ཕུར་བརྡབ་མཁན།
བཀའ་དྲིན་ཉིད་རྗེས་སུ་དྲན་པའི་བློ་ལྡན་གྱི་ཁྱུ་ལས་སུ།

འོན་ཏེ། དེ་རིང་ཅིས་ཀྱང་འཇིག་རྟེན་དུ་ཆེས་
མཛེས་པའི་བཀྲག་མདངས་ཀྱི་མེ་ཏོག་རྐང་གཅིག
འཇིག་རྟེན་དུ་ཆེས་གཙང་བའི་དྲི་མེད་ཀྱི་ལྷ་རྫས་ཡུག་གཅིག
རྟེན་འབྲེལ་ལ་བསྒྲོན་པའི་ལེགས་སྐྱེས་ཉག་གཅིག་ན།
སེམས་ཀྱིས་བཞེས་རོགས།
བརྩེ་བས་མྱངས་རོགས།