中  文
ཁྱིམ་བདག་ལ་ཕུལ་བའི་འཕྲིན་ཡིག
སྤེལ་དུས།  2013-11-20 08:57:03    རྡེབ་ཚད། 

 ཁྱིམ་བདག་ལ་ཕུལ་བའི་འཕྲིན་ཡིག

གུས་པར་འོས་པའི་ཁྱིམ་བདག་རྣམ་པ།
      ཁྱེད་ཅག་གིས་མཁྱེན་གསལ་ལྟར། སློབ་གྲྭས་ཁྱེད་རྣམ་པའི་གཅེས་ཕྲུག་དག་གི་ལུས་སེམས་གཉིས་ཀ་བདེ་ཐང་ངང་འཚར་ལོངས་བྱུང་བའི་ཆེད་དུ།ཁྱེད་ཅག་ལ་ཞུས་པ་ནང་བཞིན་སློབ་མས་ཞོར་ཟས་བཟའ་བ་དང་ལག་འཁྱེར་ཁ་པར་འཛིན་པ་གཏན་འགོག་བྱེད་པའི་རེ་བ་བཏོན་པ་ཡིན་ལ་། ཞོར་ཟས་ཟོས་ན་ལུས་ཕུང་བདེ་ཐང་ལ་གནོད་ཅིང་ལག་འཁྱེར་ཁ་པར་བཟུང་ན་སེམས་ཁམས་བདེ་ཐང་ལ་གནོད་པས་སློབ་གྲྭས་ཆེད་དུ་གཏན་འགོག་བྱས་པ་ཡིན། སྤྱི་ཚོགས་འཚོ་བ་འཕེལ་རྒྱས་དང་ཁྱིམ་ཚང་གི་ཆ་རྐྱེན་ཇེ་བཟང་ལ་སོང་བ་དང་བསྟུན་ནས་བྱིས་པས་ཞོར་ཟས་ཟ་བའི་རྣམ་པའང་ཇེ་མང་དུ་འགྲོ་བཞིན་ཡོད།དེས་སློབ་གྲྭའི་ཁོར་ཡུག་གི་གཙང་སྤྲ་དང་ཁྱིམ་ཚང་གི་དཔལ་འབྱོར་ལའང་ཤུགས་རྐྱེན་གང་མང་ཐེབས་བཞིན་འདུགདེ་མིན་བྱིས་པའི་བདེ་ཐང་ལའང་མི་འདོད་པའི་ནད་གཞི་གང་མང་འབྱུང་བཞིན་འདུག མདོར་ན་སློབ་མས་དུག་ཅན་ཟས་རིགས་བཟའ་བ་ནི་མཛེས་པའི་རྒྱ་སེ་མེ་ཏོག་གི་བཀྲག་མདངས་སྟེང་ན་ཚེར་མ་རྣོན་པོ་དང་རོ་བརྒྱ་ཕུན་སུམ་ཚོགས་པའི་ཟས་རིགས་ཀྱི་ཁྲོད་ན་མི་འདོད་ནད་རིགས་སྣ་ཚོགས་ཡོད་པར་བསམ་བློ་བཏང་མྱོང་ངམ།  སྒོར་མོ་ཕངས་མེད་དུ་བཏང་ནས་དུག་ཅན་ཟས་རིགས་ཀྱི་འགོས་ནད་ཉོ་བ་ལས་ཁྱེད་ཀྱི་བུ་ཕྲུག་གི་མདུན་ལམ་ལ་ཕན་པའི་དཔེ་དེབ་རེ་ཉོས་ན་མི་བཟང་ངམ། 
ལག་ཁྱེར་ཁ་པར་མ་གཞི་ནས་དངོས་པོ་བཟང་བོ་ཞིག་ཡིན་མོད།  འོན་ཀྱང་སློབ་གྲོགས་རེ་གཉིས་ཀྱིས་བཀོལ་སྟངས་ནོར་འདུག་སྟེ། ལག་ཁྱེར་ཁ་པར་གྱིས་སློབ་ཁྲིད་བྱེད་པའི་སྐབས་དང་ནམ་གོང་ངལ་གསོ་བྱེད་པའི་སྐབས་སུ་ཕན་ཚུན་ལ་གླེང་མོལ་བྱེད་པ་དང་རོལ་རྩེད་ལ་འཇུག་པ། ཕྱིའི་འགྲོགས་ཡ་ངན་པར་འབྲེལ་འདྲིས་བྱས་ནས་ཚུལ་མིན་གྱི་བྱ་བ་བསྒྲུབས་པ།ཐ་ན་རང་ཉིད་ཀྱི་སློབ་སྦྱོང་ལ་མི་འབད་པར་དུས་དང་རྣམ་པ་ཀུན་ཏུ་རྣམ་གཡེང་དང་རོལ་རྩེད་བྱེད་པའི་ཕྱོགས་ལ་བསམ་བློ་འཁོར་ནས་སློབ་སྦྱོང་གི་འདུན་མ་ཤོར་གྱིན་འདུག  ཁྱེད་ཁྱིམ་བདག་རྣམ་པས་རང་གི་བྱིས་པའི་ལག་ཏུ་ལག་འཁྱེར་ཁ་པར་འཇོག་དུས་གནད་དོན་འདི་དག་ལ་ཐུགས་བསམ་བཏང་ཨེ་མྱོང་།
  དེ་བས། ངེད་སློབ་གྲྭས་དཔྱད་པ་གང་མང་བཏང་མཐར། རང་ཉིད་ནས་འགོ་བརྩམས་ཏེ། བདེ་ཐང་ལ་གཅེས་སྤྲས་བྱེད་ཕྱིར།     ཞོར་ཟས་གཏན་འགོག་གི་སློབ་གསོའི་བྱ་འགུལ་བརྒྱུད་ནས་ཁྱེད་ཁྱིམ་བདག་རྣམ་པར་ཞུ་རྒྱུར།
༡ སློབ་མས་རང་འདོད་ཀྱིས་ཞོར་ཟས་ཉོས་མི་ཆོག
ཁྱིམ་བདག་གིས་ཞོར་ཟས་དང་སྐོམ་ཆུའི་རིགས་སློབ་མར་མཁོ་སྤྲོད་བྱས་མི་ཆོག
 ཁོར་ཡུག་གི་ག་ས་གང་དུ་ཀ་རའི་ཤུན་པ་དང་ཤོག་བུ།སིལ་ཏོག་གི་ནང་སྙིང་དང་ཤུན་པ།འགྱིག་ཁུག་སོགས་འཕང་མི་ཆོག
ཁྱིམ་བདག་གིས་སློབ་སྦྱོང་ཁྲོད་དགོས་མེད་ཀྱི་དངོས་པོ་ལག་ཁྱེར་ཁ་པར་དང་MP3སོགས་སློབ་མ་ལ་མཁོ་སྤྲོད་བྱས་མི་ཆོག
མཇུག་མཐར་ཁྱེད་ཁྱིམ་བདག་རྣམ་པས་བྱིས་པའི་ཡོད་ཚད་ཀྱི་ཆེད་དུ། ཡོད་ཚད་བྱིས་པའི་ཆེད་དུ་དུས་དང་རྣམ་པ་ཀུན་ཏུ་རྒྱབ་སྐྱོར་དང་སློབ་གསོ་གང་ལེགས་གཏོང་རྒྱུ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། 
                                  ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ།
                                   ༢༠༡༣ལོའི་ཟླ་༡༡པའི་ཚེས་༡༥ཉིན།