中  文
སློབ་མ་སྐྱེད་སྲིང་ཐད་ཀྱི་བསམ་གཞིག་འགའ།
སྤེལ་དུས།  2014-06-12 08:31:31    རྡེབ་ཚད། 

སློབ་མ་སྐྱེད་སྲིང་ཐད་ཀྱི་བསམ་གཞིག་འགའ

    ---------མཚོ་སྔོན་མི་རིགས་དགེ་ཐོན་སློབ་གྲྭའི་བོད་རིགས་སློབ་གླིང་།  སྟོབས་ལྡན།                                                                                                  

  ནང་དོན་གནད་བསྡུས།
  གཟུར་གནས་བློ་ལྡན་དོན་གཉེར་ཅན་སོགས་སློབ་མའི་མཚན་ཉིད་དང་དུས་ཚོད་གཅེས་འཛིན་བྱེད་པ་དང་།  རང་སྟོབས་བསམ་གཞིག་གཏོང་བ།  སློབ་དང་འདྲི་བར་དགའ་བ་སོགས་སློབ་སྦྱོང་གི་གོམས་སྲོལ།  སྣ་ཚོགས་འདོན་ལུགས་ལ་བརྟེན་ནས།  དཔེ་ཆ་བྱང་བར་ཀློག་པ་དང་།  དཔེ་ཆ་བདག་ཏུ་འཛིན་པ་ལས།དཔེ་ཆའི་དབང་དུ་མི་འགྲོ་བ་སོགས་སློབ་སྦྱོང་བྱེད་ཐབས་བཅས་སྡུད་འབྱེད་སྡེབ་གསུམ་ཙམ་བྱས་ཡོད་པ་ནི་རྩོམ་ཐུང་འདིའི་བརྗོད་བྱ་ཡིན་ནོ།།
གནད་འགག་མིང་བརྡ།    སློབ་མ།  སློབ་སྦྱོང་།  གོམས་སྲོལ།བྱེད་ཐབས། 
  ང་ཚོ་གངས་ཅན་པའི་བཅུ་ཕྲག་རིག་གནས་རྫིང་བུར་འཁྱིལ་བའི་དགོན་སྡེའི་སློབ་གསོ་ནི་མ་ལག་ཕྲ་རགས་གཉིས་ཀ་ཚང་ཞིང་ཚན་རིག་གི་དགེ་མཚན་གྱིས་ཡོངས་སུ་ཕྱུག་པའི་ཕུལ་དུ་བྱུང་བའི་སློབ་གསོ་ཞིག་ཡིན།  དེར་བརྟེན།བགྲང་གིས་མི་ཟིན་པའི་མཁས་དབང་ཡིད་བཞིན་ནོར་བུའི་ཕྲེང་བ་གངས་ཅན་ཁ་བའི་ལྗོངས་སུ་འཁྲུངས་ཤིང་འཕྲིན་ལས་ཕྱོགས་མཐར་རྒྱས་པ་རེད།འདི་དང་འདྲ་བར་གྲངས་འབོར་དང་རྣམ་པ།རྒྱུ་སྤུས་སོགས་ཚད་ངེས་ཅན་ཞིག་ལ་བསླེབས་པའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཡང་ཆར་ཤུལ་གྱི་ཤ་མོ་བཞིན་བརྡོལ་བཞིན་ཡོད་ཕྱིར་ཉམས་སྣང་ལ་དགའ་བའི་བདེ་བ་མང་པོ་སྦྱིན་བཞིན་ཡོད།ཡིན་ཡང་།  འབད་འབུངས་ཤུགས་སྣོན་གྱི་ཆ་ནི་ད་དུང་རེ་འགའ་མཐོང་ཕྱིར། བདག་གིས་དུས་རྒྱུན་གྱི་སློབ་གསོ་སློབ་ཁྲིད་ཁྲོད་ཚད་ལྡན་གྱི་སློབ་མ་དང་སློབ་སྦྱོང་གི་གོམས་སྲོལ།སློབ་སྦྱོང་བྱེད་ཐབས་བཅས་ལ་བགྱིས་པའི་བསམ་གཞིག་འགའ་འདིར་ངག་ཉུང་ཚིག་གིས་བརྗོད་པར་བྱའོ།                  
   
 
དང་པོ།  ཚད་ལྡན་གྱི་སློབ་མ།
  རིན་ཆེན་འབྱུང་གནས་ལས་ལྷག་པའི་བོད་ཀྱི་རིག་གནས་ཀྱི་རྒྱ་མཚོ་ལས།ཤེས་འདོད་བློ་གསལ་བླ་མར་གུས་ཞེས་པ་དང་གཟུར་གནས་བློ་ལྡན་དོན་གཉེར་བའི།  ཉན་པོ་སྣོད་ཅེས་བྱ་བར་བཤད་ཅེས་དང་། དགེ་དང་སྒོམ་ལ་དགའ་བ་དང་།རྟག་ཏུ་བླ་མ་ལ་གུས་དང་། རྒྱུན་དུ་ལྷ་རྣམས་མཆོད་བྱེད་པའི།ཡོན་ཏན་ལྡན་ན་སློབ་མ་ཡིན་ཞེས་པ་སོགས་སློབ་མའི་མཚན་ཉིད་དང་།  སྣོད་ཀྱི་སྐྱོན་གསུམ།དྲི་མ་དྲུགམི་འཛིན་པ་ལྔ་སོགས་སློབ་མའི་སྤང་བྱའི་ཀུན་སྤྱོད་དང་།  འདུ་ཤེས་བཞི།ཕར་ཕྱིན་དྲུག་སོགས་བླང་བྱའི་ཀུན་སྤྱོད་སོགས་སློབ་མའི་ཐད་ཀྱི་ཤེས་བྱ་བརྒྱུད་རིམ་ལྡན་པ་མང་པོ་ཞིག་གསུངས་ཡོད།ང་ཚོའི་སློབ་མ་རྣམས་ཀྱིས་དགེ་རྒན་གྱི་མཛུབ་སྟོན་འོག རང་གི་རིག་གནས་ཁྲོད་གསུངས་པའི་ཤེས་བྱ་འདི་དག་བདག་ཏུ་བཟུང་སྟེ་སྔོན་བྱོན་མཁས་པ་དག་གི་ཕྱག་སྲོལ་བཞིན་རང་རྒྱུད་ལ་རྟོག་ཞོར་དུ་སློབ་སྦྱོང་བྱེད་པ་དང་སྦྱངས་ཟིན་བཀོལ་སྤྱོད་བྱ་དགོས།འདི་ལྟར་བྱས་ཏེ་རང་ཉིད་ནི་སྤྱི་ཚོགས་འཕེལ་རྒྱས་ལ་མཁོ་ཞིང་རིག་གནས་འཛུགས་སྐྲུན་ལ་ཕན་པའི་གསར་བསྐྲུན་གྱི་སྙིང་སྟོབས་དང་ལག་ལེན་གྱི་ནུས་སྟོབས་གཉིས་ཀ་ལྡན་པའི་ཚད་ལྡན་གྱི་སློབ་མ་ཞིག་ཏུ་འགྱུར་བར་འབད་པ་སྟོང་གི་གར་ལ་གཞུག་དགོས།ཡང་གཅིག་བཤད་ན།  མ་འོངས་པ་ན་རང་གིས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པར་མ་ཟད་མི་གཞན་དག་ལ་རོགས་བྱས་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བར་བྱ་ཐུབ་པའི་མི་ཞིག་ཏུ་འགྱུར་བར་རང་ནུས་གང་ཡོད་གདོན་དགོས།འདི་ནི་ཧ་ཅང་གལ་འགངས་ཆེ་བའི་གནད་ཅིག་རེད་ལ།   དགེ་སློབ་ཐུན་མོང་ནས་ཅིས་ཀྱང་ངེས་པར་བརྩོན་དགོས་པའི་བྱ་གཞག་རླབས་པོ་ཆེ་ཞིག་ཀྱང་རེད། 
  གཉིས་པ།  སློབ་སྦྱོང་གི་གོམས་སྲོལ།
  མི་ཞིག་ཡིན་ན།  ལྷག་པར་དེང་རབས་ཀྱི་སློབ་མ་ཞིག་ཡིན་ན།ངེས་པར་རིག་ཚན་ཞིག་གི་བསླབ་ཚན་ཁག་ལ་ནན་གྱིས་ཞིབ་ཏུ་སྦྱང་དགོས།སློབ་སྦྱོང་གི་གྲུབ་འབྲས་ལེགས་མིན་ནི་སློབ་སྦྱོང་གོམས་སྲོལ་ལེགས་མིན་གྱི་རྗེས་སུ་འགྲོ་ལྡོག་བྱེད་པ་རེད།  དེའི་ཕྱིར།  སློབ་སྦྱོང་ལས་བྱུང་བའི་གོམས་སྲོལ་ཁག་ལ་སྦྱང་བརྩོན་བྱས་ནས་རང་ཉིད་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སློབ་སྦྱོང་གི་གོམས་སྲོལ་ཞིག་ཆག་པར་བྱ་དགོས།  གཤམ་ནས་རྒྱུན་མཐོང་རྒྱུག་ཆེའི་གོམས་སྲོལ་འགའ་ཞིག་ངོ་སྤྲད་པར་བྱའོ།།
 
 དུས་ཚོད་གཅེས་འཛིན་བྱེད་པའི་གོམས་སྲོལ།
  གསེར་དང་དུས་ཚོད་མཉམ་ཡང་།གསེར་གྱིས་དུས་ཚོད་ཉོ་མི་ཐུབ་ཅེས་པ་དང་ལང་ཚོའི་དུས་ནི་གསེར་ལས་ལྷག་ཅེས་པ།  ལང་ཚོ་མི་སྡོད་རྒྱུག་པ་རི་གཟར་ཆུ་ཞེས་པ་སོགས་རྨ་མེད་ལེགས་བཤད་མང་པོར་བརྟེན་ནས་དུས་ཚོད་ནི་རིན་པོ་ཆེ་ཞིག་དང་སྒོས་སུ་ལང་ཚོའི་དུས་ནི་གསེར་ལས་ལྷག་པ་ཞིག་ཡིན་པའི་འདུ་ཤེས་ཀྱིས་སློབ་མའི་རྒྱུད་ཡོངས་སུ་འཛིན་པར་བྱ་དགོས་ལ།  ད་དུང་སློབ་མ་རྣམས་ལ་དུས་ཚོད་སྐར་ཆ་གཅིག་ཡིན་ཡང་བཀོལ་ཤེས་པ་དང་བཀོལ་མཁས་པའི་ནུས་པ་ལྡན་དུ་འཇུག་དགོས།འདི་ལྟར་བྱས་ན་ལང་ཚོའི་རྒྱན་དུ་ཐོས་པ་ལེན་ཐུབ་པར་ཡིད་ཆེས་བྱས་ཆོགང་ཚོ་མི་རིགས་དང་མེས་རྒྱལ་ཡང་གོམ་སྟབས་ཆེན་པོས་ཡར་རྒྱས་གོང་འཕེལ་དུ་འགྲོ་བ་ལ་རེ་བ་ཆེན་པོ་ཡོད།དུས་ཚོད་སྐར་ཆ་གཅིག་ཡིན་ཡང་ཆུད་ཟོས་སུ་མི་གཏོང་བར་བཀོལ་ཤེས་པ་དང་བཀོལ་མཁས་པར་བྱ་དགོས།
    རང་སྟོབས་བསམ་གཞིག་གཏོང་བའི་གོམས་སྲོལ།
  སློབ་དེབ་ལ་བརྟེན་ནས་དོན་མང་པོ་ཞིག་རྟོགས་པ་དང་ནུས་པ་གང་འཚམ་རེ་འབྱུང་བ།  དེར་བརྟེན་ནས་ཆེ་ཆུང་མི་འདྲ་བའི་གསར་གཏོད་འདྲ་བྱེད་པ་ཐམས་ཅད་ནི་རང་སྟོབས་ཀྱིས་བསམ་གཞིག་གཏོང་བ་ལ་རག་ལས་པ་ཡིན།  དེའི་ཕྱིར།སློབ་མ་རྣམས་ལ་སྔོན་བྱོན་བོད་ཀྱི་མཁས་པ་ཐུན་མོང་ནས་སློབ་སྦྱོང་བྱེད་ཐབས་དང་གཞུང་ལུགས་འཆད་ཐབས་སུ་གྱུར་པའི་ཐོས་བསམ་སྒོམ་གསུམ་གྱི་གྲུབ་ཆ་གཙོ་བོར་གྱུར་པའི་བསམ་གཞིག་གི་ངོ་བོ་དང་རིན་ཐང་ལ་ངེས་ཤེས་འདྲོངས་སུ་འཇུག་པ་དང་།  དེ་ཉིད་ཐབས་སུ་ཁྱེར་ནས་ཤེས་བྱ་སྡུད་ལེན་དང་ནུས་པ་སྐྱེད་སྲིང་བྱ་དགོས་ལ།  ལེགས་ཉེས་བླང་དོར་དང་སྤྱི་སྒེར་གྱི་བདེ་སྡུག་སོགས་ལ་སྐབས་གཅིག་ཙམ་མ་ཡིན་པར་དུས་དང་རྣམ་པ་ཀུན་ཏུ་ཡང་ཡང་བསམ་གཞིག་གཏོང་དུ་འཇུག་དགོས།མདོར་ན་སློབ་མ་ཞིག་ཡིན་ན་བསམ་གཞིག་ནི་ལམ་དུ་བགྲོད་བྱེད་ཀྱི་རྐང་བ་དང་དགེ་འབྲས་སྡུད་བྱེད་ཀྱི་ལག་པ་ལྟ་བུ་ཡིན་པས།  ནམ་ཡིན་ཡང་འཕྲེད་གཞུང་བསམ་གཞིག་དང་སྡུད་འབྱེད་བསམ་གཞིག་ལ་སོགས་པར་མི་འབྲལ་བ་ཞིག་བྱ་དགོས།
    སློབ་པ་དང་འདྲི་བར་དགའ་བའི་གོམས་སྲོལ།
  སློབ་དང་འདྲི་ལ་དགའ་ཞིང་གོམས་ལོབས་སུ་གྱུར་ན་ནི་རྟག་ཏུ་རང་བློའི་རྫིང་བུར་ཤེས་བྱའི་ཆུ་ཕྲན་ཞིག་འབབ་པ་ནི་རྟག་བརྟན་ཐེར་ཟུག་གི་ཆོས་ཉིད་ཅིག་ཡིན།  དེའི་ཕྱིར།  སློབ་གྲོགས་རྣམས་ཀྱིས་ཞི་དུལ་ཁེངས་སྐྱུང་དང་ཤེས་འདོད་གུས་པ།རང་སྟོབས་བསམ་གཞིག་སོགས་ལ་བརྟེན་ནས་རང་གི་བསླབ་བྱར་གྱུར་པའི་བསླབ་ཚན་ཁག་ལ་རིམ་གྱིས་འཇུག་དགོས་ལ།  དགེ་རྒན་རྣམས་ཀྱིས་བོད་རང་གི་ཐུན་མོང་མ་ཡིན་པའི་འཆད་ཐབས་ཏེ་ཉི་ཟླ་སྐར་གསུམ་གྱི་འཆད་ཐབས་དང་བཀྲ་ཤིས་རྟགས་བརྒྱད་ཀྱི་འཆད་ཐབས།འཆད་ཐབས་ཡན་ལག་གསུམ་ལྡན་དང་ཡན་ལག་ལྔའི་འཆད་ཐབས།དག་པ་གསུམ་ལྡན་གྱི་འཆད་ཐབས་དང་ཆེ་བ་བཞི་ལྡན་གྱི་འཆད་ཐབས་སོགས་ལ་བརྟེན་ནས་སློབ་མར་རྨང་གཞི་དང་གཞུང་ལུགས་ཀྱི་ཤེས་བྱ་ཁྲིད་ཅིང་འཚོ་བ་དང་ལས་སྒྲུབ་ཀྱི་ནུས་པ་སྐྱེད་སྲིང་བྱ་དགོས་ལ།  དེའི་ཁྲོད་ནས་སློབ་མ་རྣམས་ལ་ཤེས་བྱ་སློབ་པ་དང་དཀའ་གནས་དང་དོགས་གནས་འདྲི་བར་དགའ་བའི་གོམས་སྲོལ་ཡག་པོ་ཞིག་ཆག་པར་བྱ་དགོས།ཡང་གཅིག་བཤད་ན།  སློབ་དེབ་ཀྱི་ཚིག་དོན་དང་།  དགེ་རྒན་གྱི་སྐད་ཆ།  སློབ་གྲོགས་ཀྱི་དྲི་བ་དང་དྲིས་ལན་བཅས་ལ་དོགས་སློང་དང་བཅས་སྤྲོ་བ་ཆེན་པོས་ཤེས་བྱའི་མཚོ་མོར་འཇུག་པར་བྱ་དགོས།སློབ་དང་འདྲི་ལ་ངོ་ཚ་མེད།། འཇམ་དཔལ་དབྱངས་ཀྱིས་དང་པོར་བསླབས།།
  ང་།  གྱེར་འདོན་དང་བློར་འཛིན་པའི་གོམས་སྲོལ། 
  ཁོག་འདོན་དང་མྱུར་འདོན་གཉིས་ཀྱི་རྨང་གཞིར་གྱུར་པའི་གྱེར་འདོན་ལ་དགའ་ཞིང་བྱང་བར་གྱུར་ན།  དོན་ཟུར་ཕྱིན་པར་རྟོགས་ཐུབ་པ་དང་ཚིག་དོན་གཉིས་ཀའི་སྙན་རོ་མྱོང་ཐུབ་པར་མ་ཟད།གྱེར་འདོན་གྱི་སྒྲ་གདངས་ཁ་བྱང་དང་རྣ་བྱང་ལ་སོང་ན་ངག་ཐོག་སྐད་ཆའི་བརྡ་སྤྲོད་ནུས་པ་ཡང་མཐོར་འདེགས་སུ་གཏོང་ཐུབ།འདི་དང་འདྲ་བར་ཕུལ་བྱུང་བརྩམས་ཆོས་ཀྱི་མིག་དང་སྙིང་པོར་གྱུར་པའི་ཚིག་དོན་མང་པོ་བློར་བཟུང་སྟེ་གོམས་པར་བྱས་ན།   ཤེས་བྱ་སྣ་མང་གསོག་འཇོག་བྱེད་པ་གཞིར་བྱས།  ངག་ཐོག་བརྡ་སྤྲོད་ཀྱི་ནུས་པ་དང་རྩོམ་འབྲིའི་ནུས་པ།  གཞན་ད་དུང་ཡིད་འཛིན་གྱི་ནུས་པ་ཡང་སྐྱེད་སྲིང་བྱ་ཐུབ།དེའི་ཕྱིར།  དགེ་རྒན་གྱི་མཛུབ་སྟོན་འོགའབྲེལ་ཡོད་ཀྱི་རྩ་ཚིག་དང་གཞུང་ཚིགསྙན་ཚིག་སོགས་བློར་བཟུང་ན།  རང་ཉིད་ནི་རང་གཞན་གཉིས་ཀར་ཕན་པའི་མི་འཇོན་ཐང་ཅན་ཞིག་ཏུ་འགྱུར་ངེས་ཡིན། 
  གོང་དུ་ངོ་སྤྲོད་བྱས་པའི་གོམས་སྲོལ་ལས་གཞན།ད་དུང་ཚིག་མཛོད་རྒྱུན་བཀོལ་བྱེད་པའི་གོམས་སྲོལ་དང་ཉིན་ཐོ་འབྲི་བར་དགའ་བའི་གོམས་སྲོལ།  པེ་ཀློག་ཟིན་བྲིས་འགོད་པའི་གོམས་སྲོལ། བསྐྱར་སྦྱོང་བྱེད་པའི་གོམས་སྲོལ། སྔོན་སྦྱོང་བྱེད་པའི་གོམས་སྲོལ། དཔེ་མཛོད་ཁང་དུ་འགྲོ་བའི་གོམས་སྲོལ་སོགས་ཀྱང་སློབ་མའི་རྒྱུད་ལ་ཆག་པར་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད་དོ།།
        
གསུམ་པ།  སློབ་སྦྱོང་བྱེད་ཐབས།
  ཡང་དག་པའི་བྱེད་ཐབས་ཀྱིས་ཕུལ་དུ་བྱུང་བའི་སློབ་སྦྱོང་གི་འབྲས་བུ་སྐྱེད་ངེས་ཡིན་པ་ནི་བསླུ་མེད་རྒྱུ་འབྲས་ཀྱི་ཆོས་ཉིད་ཡིན་ཕྱིར།ང་ཚོས་ཐོག་མར་རྒྱལ་ཁབ་ཕྱི་ནང་གི་སློབ་སྦྱོང་བྱེད་ཐབས་མང་པོར་སློབ་སྦྱོང་དང་ཞིབ་འཇུག་བྱས་ཏེ།  རང་ཉིད་ལ་ཕན་ངེས་ཡིན་པའི་བྱེད་ཐབས་དག་བདག་གིར་བཟུང་ཞིང་སློབ་སྦྱོང་གི་སྐབས་དང་སྐབས་སུ་གང་འོས་ཀྱིས་བེད་སྤྱོད་གཏང་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད།གཤམ་ནས་ཡོངས་ལ་གྲགས་ཤིང་རྒྱུགས་ཆེ་བའི་སློབ་སྦྱོང་གི་བྱེད་ཐབས་འགའ་ངོ་སྤྲད་པར་བྱའོ།།
     ཀ།སྣ་ཚོགས་འདོན་ལུགས་ལ་བརྟེན་ནས།  དཔེ་ཆ་བྱང་བར་ཀློག་པ་གལ།
       ཁ།  དཔེ་ཆ་བདག་ཏུ་འཛིན་པ་ལས།དཔེ་ཆའི་དབང་དུ་འགྲོ་མི་རུང་།
         རིམ་གྱིས་འཇུག་པའི་བྱེད་ཐབས་ཀྱིས།  ཤེས་བྱའི་གནས་ལ་འཇུག་པར་བྱེད།
       ང་།བརྡ་སྤྲོད་དང་ནི་རྩོམ་རིག་སོགས།  ཐབས་མང་བཀོལ་ནས་སྦྱོང་བར་བྱེད། 
       ཅ།  སྤྱི་དོན་བཟུང་ནས་ཚིག་དོན་ལ།འཇུག་པར་བྱེད་པ་ཐབས་ཀྱི་མཆོག
       ཆ།འཆར་གཞི་ནང་བཞིན་རང་རྟོགས་ཀྱིས།སློབ་སྦྱོང་བྱེད་པ་སློབ་མའི་རྒྱན། 
       ཇ།བློ་ངོར་ཤེས་བྱའི་སྒྲོམ་གཞི་ནི།  བཟོས་ཏེ་ཤེས་བྱ་གསོག་པར་བྱེད།
       ཉ།རང་གི་རྒྱུད་ལ་རྟོག་ཞོར་དུ།  རིག་པའི་གནས་ལ་འབད་པས་འཇུག          
    ཏ།དུས་ཚོད་མང་པོ་སྣ་གཅིག་ལ།  གཏད་ཅིང་གཏོད་དེ་སློབ་སྦྱོང་བྱེད། 
    ཐ།རང་གིས་རང་ལ་སྐུལ་ཞོར་དུ།  སློབ་སྦྱོང་བྱེད་པ་ཐབས་ཀྱི་མཆོག
    ད།ཐོས་དང་བསམ་དང་སྒོམ་པ་གསུམ།  ཡོངས་ལ་གྲགས་པའི་བྱེད་ཐབས་ཡིན།
    ན།ཉན་པའི་སྐྱོན་རྣམས་ཡོངས་སྤངས་ཏེ།  ཤེས་འདོད་བསམ་པས་ལེགས་པར་ཉན།
      པ།  ཕྱི་རོལ་སྣོད་བཅུད་སློབ་དེབ་ཏུ།། བཟུང་ནས་བསླབས་ན་ཕན་ཡོན་ཆེ།།
 
 
 
སྨྲས་པ།
           ཡངས་པའི་འཇིག་རྟེན་མཛེས་པའི་སྐྱེད་ཚལ་དབུས།
           ཟབ་དང་བརྗིད་དང་བྲིན་པ་ལ་སོགས་པའི།
           ཆོས་ཀྱིས་ཕྱུག་པའི་ཤེས་བྱའི་མེ་ཏོག་མང་།
           གཅིག་ལས་གཅིག་ལྷག་འཇིག་རྟེན་མིག་ལ་མཛེས།།
         
 ཡིན་ཡང་འཕྲལ་ཕུགས་འཚོ་བ་ལེགས་ལམ་དུ།
           འདྲེན་པའི་སྟོབས་ཅན་ཐོས་པའི་ཤིང་རྟ་ཆེ།
           གཅིག་པུར་མཐོང་ཕྱིར་ཁོ་བོས་མིག་འབྲས་ཟུང་།
           རིན་ཆེན་འདི་ཡི་ཕྱོགས་ལ་ཡུན་རིང་གཏད།།              

            ཀྱེ་ཀྱེ་གྲོགས་དང་བློ་གསལ་སློབ་བུ་དག 

           རང་ནི་དག་ཅིང་གཞན་ལ་ཕན་འདོད་ན། 

           ཐོས་པའི་ཤིང་རྟ་རིག་པའི་ལམ་ཆེན་དུ། 

           ཡང་ཡང་གཏོང་བའི་ལས་ལ་ལྷོད་མེད་སྒྲིམས།

 
པར་ལྡན་འོས་སྦྱོར།