中  文
སློབ་ཁྲིད་ལེགས་པོ་ཞིག་བྱེད་པར་ཚང་དགོས་པའི་ཆ་རྐྱེན་འགའ་གླེང་བ།
སྤེལ་དུས།  2014-06-12 08:23:52    རྡེབ་ཚད། 

སློབ་ཁྲིད་ལེགས་པོ་ཞིག་བྱེད་པར་ཚང་དགོས་པའི་ཆ་རྐྱེན་འགའ་གླེང་བ།

                        ----------མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ།   སྟོབས་ལྡན་ནས།
གཅིག སློབ་ཁྲིད་གྲ་སྒྲིག་ལེགས་པོ་ཞིག་བྱེད་པ།
དགེ་རྒན་རྣམ་པས་སློབ་ཁྲིད་ཡག་པོ་ཞིག་བྱེད་འདོད་ན་ཐོག་མར་ངེས་པར་དུ་ཁྲིད་གཞི་ལེགས་པོ་ཞིག་གྲ་སྒྲིག་དྱེད་དགོས།དེ་ནི་དགེ་རྒན་གྱིས་དཔེ་ཁྲིད་མ་བྱས་གོང་གི་ཤེས་བྱ་གང་ཞིག་གོ་རིམ་འགྲིག་ལ་ཆ་ཚང་བའི་སྒོ་ནས་ཕ་རོལ་བར་ངོ་སྤྲོད་གསལ་བོ་ཞིག་བྱེད་པའི་གྲ་སྒྲིག་སྐོར་གྱི་བརྒྱུད་རིམ་རེད་ལ།དཔེ་ཁྲིད་ཐབས་བཀོད་ཀྱི་ཞིབ་འཇུག་བརྒྱུད་རིམ་ཞིག་ཀྱང་རེད།དེ་ལྟར་གྲ་སྒྲིག་བྱེད་པའི་རྩ་བའི་དམིགས་ཡུལ་ནི་ཁྲིད་བྱའི་ནང་དོན་རྣམས་རང་ལ་བྱང་ཆུབ་པ་བྱེད་རྒྱུ་དེ་ཡིན།
སྤྱིར་ཁྲིད་གཞི་ལེགས་པོ་ཞིག་འབྲི་རྒྱུ་དེ་ཡང་གོ་རིམ་གསུམ་དུ་དབྱེ་ནས་བྲིས་ན་འཚམ་པར་སྙམ་སྟེ།གོ་རིམ་དང་པོ་ནི།འཁྲིད་བྱའི་ནང་དོན་ལ་ཞིབ་འཇུག་ལེགས་པོ་ཞིག་བྱེད་རྒྱུ་དེ་ཡིན་ལ།རང་གི་ཁྲིད་གཞིའི་ནང་དུ་འདུས་པའི་ཤེས་བྱ་ཡོད་ཚད་གསལ་བོར་རྟོགས་དགོས་པ་མ་ཟད།དེ་དང་འབྲེལ་ཡོད་ཀྱི་ཚན་རིག་ཤེས་བྱའི་སྐོར་གྱི་རྒྱུ་ཆ་འཚོལ་བསྡུ་བྱས་ཏེ།ཁྲིད་གཞིའི་ཐོག་མའི་དཔྱད་གཞིར་ཁ་གསབ་གང་ལེགས་བྱེད་དགོས།གོ་རིམ་གཉིས་པ།རང་ཉིད་ཀྱི་སྐབས་སུ་བབས་པའི་ཁྲིད་བྱའི་སློབ་ཚན་དང་ལེའུ་གང་རུང་དེའི་ནང་དོན་ལྟར་ཁྲིད་གཞི་ལེགས་པོ་ཞིག་འབྲི་རྒྱུ་དེ་ཡིན།ཁྲིད་གཞི་འབྲི་དུས་སློབ་ཁྲིད་ཀྱི་དམིགས་དང་།དཀའ་གནད།གཙོ་གནད།དུས་ཚོད་སོགས་གཏན་འབེབ་གསལ་བོ་བྱེད་པ་དང་།སློབ་ཁྲིད་བྱ་ཡུལ་གྱི་སློབ་མའི་ཆུ་ཚད་དང་།ཁྲིད་བྱའི་ནང་དོན་གྱི་བཀོལ་སྤྱོད་རང་བཞིན་སོགས་ལ་དམིགས་ནས་བཀོད་སྒྲིག་བྱེད་དགོསལ།ཁྲིད་གཞི་ནི་སློབ་ཁྲིད་ཀྱི་གཞི་རྩའི་མ་ལག་གཙོ་བོ་ཡིན་པ་བློར་ངེས་དགོས།གོ་རིམ་གསུམ་པ་ནི།སློབ་ཁྲིད་མ་བྱས་གོང་ལ་བྲིས་ཟིན་པའི་ཁྲིད་གཞིའི་ནང་དོན་ལ་བསྐྱར་ཐེངས་མང་པོར་བལྟ་བ་དང་ཞུ་དག་ཡང་ཡང་བྱས་ཏེ།ཁྲིད་བྱའི་ནང་དོན་སེམས་ལ་འཇགས་པར་བྱེད་དགོས་པར་མ་ཟད།གོ་དོན་དང་ཐ་སྙད་ཚང་མ་ནོར་འཁྲུལ་མེད་པར་ཡིད་ལ་བཟུང་ན་ད་གཟོད་སློབ་ཁྲིད་བྱེད་དུས་གདེང་ཚོད་ཡོད་པ་དང་།ཚིག་སྦྱོར་བདེ་ཞིང་གནད་དུ་ཁེལ་བ་ཞིག་ཡོང་ངེས་ཡིན།
གཉིས། སློབ་ཁྲིད་ཀྱི་ཇུས་བཀོད་བཟང་བོ་ཞིག་བྱེད་པ།
སློབ་ཁྲིད་བྱེད་དུས་ཁྲིད་གཞིའི་ནང་དོན་ཡོད་ཚད་ཡི་གེ་གཅིག་ཀྱང་མ་ཆད་པར་མགོ་ནས་འཇུག་བར་ཇི་མ་ཇི་བཞིན་དུ་བཤད་དགོས་པའི་ངེས་པ་མེད་དེ།བསླབ་བྱ་སོ་སོ་དང་།སློབ་མའི་ཆུ་ཚད་ཀྱི་ཁྱད་ཆོས་གཞིར་བཟུང་ནས་ཚིག་བསྡུས་ཤིང་དོན་འདུས་པ་དང་།གསལ་ལ་གོ་རིམ་འགྲིག་པའི་རྩ་དོན་གཞིར་མཟུང་ནས་ཐོག་མཐའ་བར་གསུམ་དུ་ཁྲིད་བྱའི་ནང་དོན་གཙོར་མཟུང་སྟེ་འཆད་ཁྲིད་བྱེད་པ་དང་།གཙོ་ཕལ་གསལ་ཞིང་དཀའ་གནད་སེལ་རྒྱུ་དམིགས་སུ་འཛིན་དགོས་པ་མ་ཟད།ཁྱད་པར་དུ་ཁྲིད་བྱའི་ནང་གི་ཐེ་ཚོམ་ཅན་གྱི་དྲི་བར་ལན་གསལ་བོ་འདེབས་དགོས།དེའི་རྗེས་ནས་གཏན་ལ་ཕབ་པའི་ཁྲིད་བྱའི་ནང་དོན་རྣམས་འཆར་གཞི་ཡོད་པའི་སྒོ་ནས་ཇུས་བཀོད་ལྟར་སློབ་ཚན་འཆད་ཁྲིད་བྱེད་སྟངས་གཏན་ལ་ཕབ་དགོས།དེའང་དཔེ་གཞི་འདེམས་བཀོད་བྱེད་པ་དང་།དྲི་བ་འདོན་སྟངས།ལག་བསྟར་བྱེད་ཐབས།ཡོ་བྱད་གྲ་སྒྲིགསློབ་ཁྲིད་སྐབས་འཕྲད་སྲིད་པའི་གནད་དོན་དང་དཀའ་གནད་ཐག་གཅོད་བྱེད་ཐབས་སོགས་ཚུད་པའི་ཁྲིད་གཞི་ཇུས་འགོད་ལེགས་པོ་ཞིག་གཏན་ལ་ཕབ་དགོས།
གསུམ། དགེ་རྒན་གྱིས་སློབ་མའི་སེམས་ཁམས་ལ་དོ་སྣང་བྱེད་དགོས།
དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་གོ་རིམ་ཁྲོད་དུ་སྤྲོ་སྣང་དང་།བརྩེ་སེམས།མོས་འདུན་སོགས་ཡོད་པའི་སྒོ་ནས་སློབ་ཁྲིད་བྱེད་པ་དང་།ཁྲིད་གཞིའི་ནང་དོན་དང་གོ་རིམ་བརྒྱུད་དེ་སློབ་མའི་སློབ་སྤྱོང་གི་སྤྲོ་སྣང་སྐྱེད་སྲིང་བྱས་ཏེ།སློབ་མས་རང་འགུལ་གྱིས་སློབ་འདོད་པའི་འདུན་པ་སྐུལ་སློང་བྱེད་དགོས།དེ་ལྟར་བྱས་ཚེ་ད་གཟོད་དཔེ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་བོ་ལེགས་འགྲུབ་འབྱུང་ཐུབ།དེར་བརྟེན་དགེ་རྒན་གྱིས་ཁྲིད་གཞིའི་ནང་དོན་ཐད་ཨུ་ཚུགས་ཀྱི་ཁྲིད་ཐབས་སྤྱོད་མི་རུང་བར་སློབ་མའི་སེམས་ཁམས་དང་མཐུན་པའི་འབྲེལ་ཡོད་ཀྱི་ལུང་དང་གཏམ་རྒྱུད་གང་རུང་དྲངས་ཏེ་སློབ་མའི་སློབ་སྦྱོང་གི་སྤྲོ་བ་སྐྱེད་སྲིང་བྱེད་དགོས།དེ་ལྟར་བྱས་ཚེ་སློབ་མའི་མཐོང་རྒྱ་བསྐྱེད་ཐུབ་པ་དང་སུན་སྣང་མེད་པར་བཟོ་ཐུབ་པ་མ་ཟད།ཁོ་ཚོའི་ཕྱོགས་ཡོངས་ཀྱི་ཤེས་བྱ་འཛོམས་པོ་ཡོང་བ་དང་གཤིས་ཀ་བཟང་བོ་ཆགས་པར་ཕན་པ་ཐོན་ངེས་ཡིན།
སློབ་མར་སློབ་སྦྱོང་གི་ཆ་ནས་བལྟས་ན།དོགས་གནད་ཅན་གྱི་དྲི་བ་གང་མང་བཏོན་ན་སློབ་མའི་བསམ་གཞིགས་ཀྱི་ནུས་པ་སྐྱེད་སྲིང་བྱེད་ཐུབ་པ་དང་།རྒྱུན་དུ་དེ་ལྟར་བྱས་ཚེ་རིམ་བཞིན་ཁོ་ཚོར་བསམ་གཞིགས་བྱེད་འདོད་སྐྱེས་པ་དང་དེའི་ཐད་ཀྱི་གོམས་སྲོལ་ཆགས་ངེས་ཡིན།དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་ཆ་ནས་བལྟས་ན།སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་སློབ་མར་དྲི་བ་འདོན་པ་དང་།ལྷག་པར་དུ་དོགས་གནད་ཅན་གྱི་དྲི་བ་བཏོན་ཚེ་བློ་སྒོ་འབྱེད་པའི་ནུས་པ་ཐོན་ཐུབ་པ་དང་།སློབ་མ་རྣམས་ཀྱི་ནུས་པ་དང་ཤེས་བྱ་གཉིས་ཀ་ཡར་རྒྱས་སུ་འགྲོ་བར་ཕན་ནུས་ངེས་ཅན་ཞིག་ཐོབ་ཐུབ། 
བཞི། དགེ་རྒན་ལ་བྱ་སྤྱོད་ལེགས་པོ་ཞིག་ཡོད་དགོས།
དགེ་རྒན་ནི་སློབ་ཁྲིད་ཁྲོད་ཀྱི་སྲོག་ཤིང་ཡིན་པས།དགེ་རྒན་དཔེ་ཁྲིད་ཀྱི་གར་སྟགས་སྟེང་དུ་བུད་པ་ནས་བཟུང་བསམ་བློ་དང་།ཀུན་སྤྱོད།མི་གཤིས།ཤེས་བྱའི་ཆུ་ཚད།སྐད་ཆ་བཤད་པའི་གོམས་སྲོལ།འཚོ་བའི་གོམས་སྟངས་དང་འགྲོ་ལུགས་འདུག་སྟངས་སོགས་ཀྱི་ཆ་ནས་སློབ་མར་དཔེ་སྟོན་གྱི་ནུས་པ་གལ་ཆེན་ཐོན་བཞིན་ཡོད་པ་རེད།གལ་ཏེ་དགེ་རྒན་གྱི་གྱོན་པ་གཙང་ཞིང་གྲལ་དག་པ་དང་།བཟོ་ལྟ་ལེགས་པ།ཕྱིའི་རྣམ་པ་ཉམས་དོད་པོ་ཡིན་པ།བྱ་སྤྱོད་གཙང་ཞིང་བབས་ཆགས་པ།བཅོས་མ་མིན་པའི་ཉམས་འགྱུར་རང་ཤུགས་ཀྱིས་ཐོན་པ།སྤྲོ་སྣང་གིས་ཁེངས་པ་སོགས་ཀྱིས་དགེ་སློབ་བར་ལ་བརྩེ་སེམས་བསྐྲུན་ཐུབ་པ་དང་།མིག་དཔེ་རུ་འགྱུར་བ།སློབ་མའི་སེམས་ཁམས་དང་གཤིས་ཀ་བཟང་བོ་གསོ་སྐྱོང་ཐུབ་ལ།སློབ་མའི་བློ་སྒོའང་འོས་མཐུན་གྱི་ངང་ནས་གསལ་བོར་འབྱེད་པ་དང་།གནས་ལུགས་དང་ཤེས་བྱ་མང་བོ་ཞིག་ཡང་ངང་གིས་རྟོགས་ཐུབ།
ལྔ། དགེ་རྒན་ལ་སློབ་ཁྲིད་ཀྱི་ནུས་པ་དང་ཐབས་ཤེས་ལེགས་པོ་ཞིག་ཡོད་དགོས།
དགེ་རྒན་གྱིས་ཁྲིད་བྱ་བྱང་ཆུབ་པར་བྱེད་པ་དང་།སློབ་མར་ཆ་རྒྱུས་ཡོད་པའི་ཆ་རྐྱེན་འོག རང་ཉིད་ཀྱི་ཤེས་བྱ་དང་ལྟ་བ་རྣམས་དཔེ་ཁྲིད་ནང་དོན་ཁྲོད་དྲངས་ཏེ།སྒྱུ་རྩལ་དང་ལྡན་པའི་སྐད་ཆའི་ཐོག་ནས་མཚོན་པར་བྱས་ནས།སློབ་མའི་བསམ་གཞིགས་དང་དབྱེ་ཞིབ་ཀྱི་སེམས་ཤུགས་བསྐྱེད་དགོས།དཔེ་ཁྲིད་ཁྲོད་དགེ་རྒན་གྱི་སྐད་ཆ་ནོར་འཁྲུལ་མེད་པ་དང་།ནན་མོ་ཡིན་པ།གཏན་ཚིགས་རང་བཞིན་ལྡན་པ།སྐད་ཆའི་སྒྲ་གདངས་དྲག་ཞན་དང་མཐོ་དམའ་སོགས་ཟུང་འབྲེལ་དམ་ཚགས་སྒོས་མཉམ་འདྲེས་གཅིག་གྱུར་ཡོང་བ་བྱེད་དགོས།
སློབ་ཁྲིད་ཀྱི་ཐབས་ལམ་ནི་སྣ་མང་ཡིན་ལ།དཔེ་ཁྲིད་ཀྱི་ནང་དོན་དང་སློབ་ཁྲིད་བྱ་ཡུལ་དང་།སློབ་ཁྲིད་ཁོར་ཡུག་སོགས་ལ་རྒྱུན་ཆད་མེད་པར་འགྱུར་ལྡོག་འབྱུང་བཞིན་ཡོད།དེའི་ཕྱིར་སློབ་ཁྲིད་ཐབས་ཤེས་ངེས་པར་དུ་སྟབས་བསྟུན་སྣ་མང་ཡིན་དགོས།དགེ་རྒན་ཞིག་ལ་མཚོན་ན།གནས་ཚུལ་དངོས་ལ་དབྱེ་ཞིབ་བྱེད་མཁས་པ་དང་།ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིད་སྟངས་འདེམ་མཁས་པ་བྱེད་དགོས།སློབ་ཁྲིད་ཁྲོད་ཁྲིད་པ་དང་སྦྱོང་བ།དྲི་བ་དང་ལན་འདེབས་པ།ཀློག་པ་དང་འབྲི་བ་སོགས་ཡོད་དགོས་པར་མ་ཟད།དགེ་རྒན་གྱིས་སློབ་མའི་བློ་སྒོ་འབྱེད་པ་དང་ཕྱོགས་སྟོན་བྱེད་པ།འགྲེལ་བཤད་རྒྱག་པ་སོགས་ཡོད་ལ།སློབ་མའི་ཀློག་འདོན་དང་དོགས་གནད་འདྲི་བ།གྲོས་བསྡུར་བྱེད་པ།བསམ་གཞིགས་བྱེད་པ་སོགས་ཀྱང་ཡོད་པ་རེད།དེས་སློབ་མས་སྤྲོ་སྣང་དང་གསོན་ཉམས་ལྡན་པའི་སློབ་ཐུན་གྱི་ཁྲོད་དུ་ཤེས་བྱ་སློབ་པ་དང་།རང་སྦྱོང་བྱེད་པའི་ནུས་པ་དང་བསམ་གཞིགས་བྱེད་པའི་ནུས་པ་ཡང་སྐྱེད་སྲིང་བྱེད་ཐུབ།
དགེ་རྒན་གྱི་སྐད་ཆ་ལས་གཞན་སྐད་ཆར་རམ་འདེགས་བྱེད་པའི་ལག་བརྡ་ལྟ་བུ་སོགས་ཀྱི་གཟུགས་སྣང་ལས་སློབ་མས་དགེ་རྒན་གྱི་བརྗོད་བྱའི་ནང་དོན་ལ་གོ་བ་ལོན་པར་ཕན་ཐོགས་ཡོད་པར་མ་ཟད།ད་དུང་སྒྲ་མེད་པའི་སྐད་ཆ་འདིའི་རིགས་ཀྱིས་སློབ་མའི་ཡིད་དབང་འགུག་པར་ནུས་པ་ཐོན་པ་དང་སྐབས་རེར་བཤད་པའི་སྐད་ཆ་ལས་ཀྱང་ལྷག་པའི་ནུས་པ་ཐོན་ཐུབ།
དྲུག སྒོ་སམ་སྟེང་གི་ཡི་གེའི་བཀོད་སྒྲིག་སོགས་ལེགས་པོ་ཞིག་ཡིན་དགོས།
སྒོ་སམ་སྟེང་ལ་ཡི་གེ་འབྲི་བ་ནི་སློབ་ཁྲིད་ཁྲོད་མེད་དུ་མི་རུང་བའི་དཔེ་ཁྲིད་ཀྱི་རམ་འདེགས་བྱེད་ཐབས་ཤིག་ཡིན།དེའི་ཁྱད་ཆོས་ནི་བཤད་ཞོར་དང་འབྲི་ཞོར་བྱེད་པ་དང་།ངག་ནས་ཐོན་པའི་སྐད་ཆ་དང་སྒོ་སམ་སྟེང་གི་ཡི་གེ་གཉིས་དུས་མཉམ་དུ་གནས་སྐབས་ཀྱི་མཉམ་འདུས་རྒྱུ་ཆ་རུ་གྱུར་ཏེ་ངག་ནས་ཐོན་པའི་སྐད་ཆའི་དམིགས་ཡུལ་ཡོངས་སུ་འགྲུབ་ཐུབ།སྒོ་སམ་སྟེང་ལ་བྲིས་པའི་ཡི་གེ་ཁ་བྱང་གསལ་ཞིང་།གོ་རིམ་མངོན་གསལ་ཡིན་པ།ཚིག་ཉུང་ཞིང་སྙིང་བོ་འདུས་པ།ཡིག་གཟུགས་ལེགས་ཤིང་གྲལ་འགྲིག་པོ་ཡིན་དགོས།དགེ་རྒན་གྱིས་ཁྲིད་ཞོར་ལ་བརྗོད་དོན་དེ་གསལ་བོར་ཡོང་ཆེད་སྒོ་སམ་སྟེང་འབྲེལ་ཡོད་སྟབས་བདེ་རི་མོ་འབྲི་བ་ཡིན་ལ།རི་མོ་འབྲི་བའི་བརྒྱུད་རིམ་སློབ་མར་བལྟ་རུ་བཅུག་ན།རྙོག་འཛིང་ཆེ་བའི་དཀའ་གནད་རྣམས་ཅུང་གོ་བདེ་བའི་སྒོ་ནས་སེལ་ཐུབ་པ་དང་།དཔེ་ཁྲིད་ཀྱི་དམིགས་ཡུལ་ལེགས་པོར་འགྲུབ་ཐུབ།གྲལ་དག་ཅིང་མཛེས་ལ་བརྗོད་བྱ་འབུར་དུ་ཐོན་ཞིང་ཚིག་སྦྱོར་བདེ་བའི་སྒོ་སམ་ཡི་གེ་དང་།ཡང་དག་ཚད་ལྡན་གྱི་སྒོ་སམ་རི་མོ་ལས་སློབ་མར་མཛེས་སྡུག་གི་ཚོར་སྣང་གསར་བ་ཞིག་སྤྱིན་པ་དང་མཉམ་དུ་སློབ་མའི་ཡིད་སེམས་འགུག་པར་བྱེད་ལ།དཔེ་ཁྲིད་ཀྱི་འབྲས་བུའང་མཐོར་འདེགས་བྱེད་ཐུབ།
མདོར་ན་དཔེ་ཁྲིད་ནི་ཚན་རིག་རང་བཞིན་དང་སྒྱུ་རྩལ་གྱི་རང་བཞིན་ལྡན་པའི་བྱ་འགུལ་ཞིག་ཡིན།ཚན་རིག་གི་རང་བཞིན་དང་པོར་འཇོག་པའི་རྨང་གཞིའི་སྟེང་།ཡང་དག་སྟབས་བསྟུན་སྒོས་དཔེ་ཁྲིད་སྒྱུ་རྩལ་སྣ་ཚོགས་བེད་སྤྱོད་བྱས་ཏེ།སློབ་ཁྲིད་ཁྲོད་ཀྱི་གནད་དོན་ཐག་གཅོད་པ་ནི་ལས་སླ་མོ་ཞིག་མིན་པར་བརྟེན་ཉམས་མྱོང་གསོག་འཇོག་དང་།ཕུལ་བྱུང་དགེ་རྒན་གྱི་ཉམས་མྱོང་དང་ཤེས་བྱར་སློབ་སྦྱོང་བྱས་ནས།རྒྱུན་ཆད་མེད་པར་ཉམས་མྱོང་སྤྱི་སྡོམ་དང་སྤང་བླང་བྱེད་མཁས་པོ་བྱས་ན་གཞི་ནས་དཔེ་ཁྲིད་ཀྱི་འབྲས་བུ་ལེགས་པོ་ཞིག་ཐོབ་ངེས་ཡིན།
པར་ལྡན་འོས་སྦྱོར།
རྡེབ་ཚད་མང་ཤོས།