中  文
ལོ་རྒྱུས་ལ་ཕྱི་མིག་བལྟས་ཏེ་འབྱུང་འགྱུར་སློབ་གསོའི་བྱེད་ཕྱོགས་སྐོར་རགས་ཙམ་གླེང་བ།
སྤེལ་དུས།  2014-06-12 08:25:43    རྡེབ་ཚད། 

                    ཤེས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན།།

རྐུན་པོ་ལ་སོགས་མི་ཁྱེར་ནོར་གྱི་མཆོག།
ཀུན་ནས་རྨོངས་པའི་དགྲ་འཇོམ་མཚོན་ཆ་ཡིན།།
ཐབས་ཚུལ་མན་ངག་སྟོན་པས་གྲོགས་ཀྱི་མཆོག།
 
 
ལོ་རྒྱུས་ལ་ཕྱི་མིག་བལྟས་ཏེ་འབྱུང་འགྱུར་སློབ་གསོའི་བྱེད་ཕྱོགས་སྐོར་རགས་ཙམ་གླེང་བ།
                                    ----------མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ།    སྟོབས་ལྡན་ནས།        
དང་པོ། ལོ་རྒྱུས་ནི་འདས་དོན་ལ་བལྟ་བའི་མེ་ལོང་དང་མ་འོངས་པའི་ཕྱོགས་སྟོན་འཁོར་ལོ་ཡིན
མི་རྣམས་ཀྱིས་རིག་གནས་ཤེས་བྱ་གང་ཞིག་ཕྱིས་བྱིན་པ་ཞིག་སྦྱང་བར་འདོད་པ་ཡིན་ཚེ་ཐོག་མར་གང་དེའི་ཐོག་མའི་འབྱུང་ཁུངས་དང་འཕེལ་འགྱུར་ལ་དཔྱད་དགོས་པ་དང་།དེ་ལ་དཔྱད་པར་ངེས་པར་དུ་ཐོག་མའི་སྤྱི་ཚོགས་དེའི་ལོ་རྒྱུས་ལ་དཔྱད་ཞིབ་བྱེད་རྒྱུ་ནས་མགོ་རྩོམདགོས།དེ་ན་བོད་ཀྱི་ལོ་རྒྱུས་ནི་བོད་ཀྱི་ཐུན་མོང་དང་མོང་ཐུན་མ་ཡིན་པའི་ཤེས་རིག་ཐམས་ཅད་ཀྱི་འགོ་ཁུངས་ལྟ་བུ་ཡིན་ལ།ལོ་རྒྱུས་ཀྱིས་མི་རྣམས་ལ་འདས་པའི་དུས་ཀྱི་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་ཉམས་མྱོང་བསླབ་བྱ་སོགས་ཀྱི་ཤེས་ཡོན་མཁོ་སྤྲོད་བྱེད་ཅིང་།ལོ་རྒྱུས་ལས་བྱུང་བའི་མི་སྣ་དང་དོན་རྐྱེན། ཉམས་མྱོང་སོགས་ཀྱི་ཤེས་བྱ་རྣམས་དངོས་ཡོད་འཚོ་བའི་ཁྲོད་ཐད་ཀར་རྙེད་ཐུབ་མེད་ལ།ད་ལྟའི་དངོས་ཡོད་འཚོ་བའི་འཕེལ་འགྱུར་སྣ་ཚོགས་ལ་འདས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མེད་པ་ཡང་གཅིག་ཀྱང་མེད་པས་ལོ་རྒྱུས་ནི་མིའི་རིགས་ཀྱི་ཤེས་རིག་སྣ་ཚོགས་ཀྱི་ཐོག་མའིའབྱུང་ཁུངས་ལྟ་བུ་ཡིན།
བོད་ཀྱི་རིག་གནས་ལ་སྦྱང་བརྩོན་བྱེད་མཁན་ཞིག་ཡིན་ན་ཐོག་མར་བོད་ཀྱི་ལོ་རྒྱུས་བསླབ་བྱ་འདི་ཤེས་རྒྱུ་ཤིན་ཏུ་གལ་ཆེ་སྟེ།  དེ་ཡངརླངས་ཀྱི་པོ་ཏི་བསེ་རུལས། ལར་སྐྱེས་མི་ཡིས་རང་གི་སྐྱེས་རྒྱུད་མ་ཤེས་ན།། ནགས་གསེབ་རང་དགར་རྒྱུ་བའིསྤྲེལའཁྱམསའདྲ། ། རིགས་རུས་ཆོ་འབྲང་གང་ཡིན་མ་ཤེས་ན། །གཡུ་འབྲུག་ཟོལ་མ་བཅས་པའི་དབྱིབས་དང་འདྲ། །ཡབ་མེས་རྣམ་པའི་ཡིག་ཚང་མ་ཤེས་ན། །མོན་ཕྲུག་ཡུལ་བོར་དོན་མེད་ཡན་པ་འདྲ། །ཞེས་གསུངས་པ་ལྟར་འཇིག་རྟེན་འདིར་སྐྱེས་པའི་མི་ཞིག་ཡིན་ཙ་ན་རང་ཉིད་སྐྱེས་རྒྱུད་ཀྱི་ཡབ་མེས་སུ་ཡིན་པ་དང་། དེ་རྣམས་ལ་མཛད་རྗེས་རླབས་ཆེན་དང་། ཉམས་མྱོང་བསླབ་བྱ། བླང་དོར་གྱི་བློ་གྲོས་ཇི་འདྲ་ལྡན་པ་སོགས་མ་ཤེས་ཚེ་ངོ་གནོང་བའི་རྒྱུ་རུ་འགྱུར་བར་མ་ཟད། མི་རུ་སྐྱེས་པའང་དོན་མེད་དུ་གྱུར་པ་རེད།ཅིའི་ཕྱིར་ཞེ་ན།བོད་མི་རིགས་ལ་མཚོན་ན།གནའ་སྔ་མོ་ནས་བཟུང་རང་ཅག་གི་འཚོ་གནས་ཁོར་ཡུག་འདིར་རང་བྱུང་ཁམས་ཆེན་པོར་འཐབ་རྩོད་སྣ་ཚོགས་བྱས་པ་བརྒྱུད་དེ་འཚོ་སྡོད་ཐུབ་པ་བྱུང་བ་དང་།རང་གི་བུ་རབས་ཚ་རྒྱུད་ཕྱི་མ་རྣམས་ཀྱི་དོན་དུ་དཀའ་སྡུག་སྣ་ཚོགས་མྱངས་ཡོད་པ་མ་ཟད།རང་སྲོག་ཀྱང་ཕངས་མེད་དུ་དོར་བའི་མཛད་པ་རླབས་ཆེན་ཡོདས་མེས་པོ་སྔ་མ་རྣམས་མེད་ན་ད་ལྟའི་ངེད་ཅག་ཡོད་མི་སྲིད་ལ།ཁོང་ཚོའི་དཀའ་སྤྱད་ཀྱི་འཐབ་རྩོད་དང་སྙིང་སྟོབས་མེད་ཚེ་ད་ལྟའི་དཔལ་ཡོན་དུས་བཟང་གི་བདེ་སྐྱིད་འདི་ཡོད་མི་སྲིད་ཕྱིར།བདག་ཅག་གཅེས་པར་བསྐྱངས་པའི་དྲིན་ལྡན་ཡབ་མེས་རྣམ་པའི་བཀའ་དྲིན་ཡང་ཡང་དྲན་པར་རིགས་པ་དང་།ངེད་ཅག་གིས་ཀྱང་མི་རབས་ཕྱི་མ་རྣམས་ཀྱི་དོན་དུ་རང་གི་ཡོད་ཚད་འབུལ་བའི་སྤོབས་སེམས་བསྐྱེད་ཐུབ།
བོད་མི་རིགས་ནི་གནའ་ནས་བཟུང་ལས་ལ་བརྩོན་ཞིང་ཤེས་རིག་བཀྲ་བ་དང་། དཀའ་སྡུག་ཐེག་ལ་གཤིས་རྒྱུད་བཟང་བའི་མི་རིགས་ཤིག་ཡིན་པ་མ་ཟད།འོད་སྟོང་རབ་ཏུ་འཕྲོ་བའི་གནའ་རབས་ཤེས་རིག་ཕུན་སུམ་ཚོགས་པ་ཞིག་ཀྱང་ཡོད་པས་ཀྲུང་གོའི་ཤེས་རིག་བང་མཛོད་ནང་རིན་ཐང་བྲལ་བའི་ནོར་བུ་ཞིག་བསྣན་ཡོད་ཅིང་ད་ལྟ་འཛམ་གླིང་དུ་སྙན་པའི་གྲགས་པ་འབར་བཞིན་པ་ལྟ་བུ་ལགས་ན།འུ་ཅག་གིས་བློ་གྲོས་ཀྱི་རྩལ་དང་ལྡན་པའི་མེས་པོ་ཚོས་དཀའ་སྡུག་གི་འཐབ་རྩོད་ཁྲོད་བསྐྲུན་པའི་ཤེས་རིག་གི་རིན་ཐང་མངོན་པར་མཐོ་བ་དེའི་ཁྲོད།ཉམས་མྱོང་བསླབ་བྱ་རྣམས་བསྡུ་ལེན་དང་།ཤེས་རིག་དང་སྲོལ་རྒྱུན་བཟང་བོ་རྒྱུད་འཛིན་དར་སྤེལ།སྙིང་སྟོབས་དང་བརྩོན་སེམས་བཅས་ལ་སློབ་སྦྱོང་སྒོས་གནའ་བཟང་དེང་སྤྱོད་བྱས་ཚེ་རང་རེའི་མི་རིགས་ཙམ་མ་ཟད་ས་ཆེན་པོའི་ཐོག་ཏུ་གནས་པའི་མིའི་རིགས་ཀུན་ལ་སྨན་ཐུབ་བོ། །ང་ཚོས་འདས་པའི་ལོ་རྒྱུས་གཞི་བྱས་ནས་དཔྱད་ན་་གདོད་མའི་ཤེས་རིག་གི་ཁུངས་སྙེག་ཐུབ་པ་དང་།ད་ལྟའི་གནས་བབས་ལ་ངེས་འཛིན་དང་།མ་འོངས་པའི་འཕེལ་ཕྱོགས་ཚོད་དཔག་བྱེད་ཐུབ་པ་མ་ཟད།འདི་ལ་བརྟེན་ནས་བོད་མི་རིགས་ཀྱི་བསམ་བློའི་དཔལ་ཡོན་འཛུགས་སྐྲུན་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་གོ་རྟོགས་ཟམ་མ་ཆད་པར་མཐོར་འདེགས་གཏོང་བ་དང་། མེས་རྒྱལ་གྱི་བོད་ཡུལ་གསར་བ་འཛུགས་སྐྲུན་ལ་རང་ནུས་འདོན་སྤེལ་དང་བྱས་རྗེས་གསར་བ་འཇོག་པར་སྐུལ་ལྕག་གི་དོན་སྙིང་རླབས་ཆེན་ཡོད།བློ་དང་ལྡན་པ་སུ་ཞིག་ཤེས་བྱ་རྒྱ་མཚོའི་གླིང་དུ་བགྲོད་དེ་དོན་ལྡན་གྱི་ནོར་བུ་ཞིག་ལེན་པར་བརྩོན་ཚེ།ངེས་པར་དུ་ལོ་རྒྱུས་རིག་པའི་གྲུ་གཟིངས་འདི་ལ་ལེགས་པར་བརྟེན་དགོས་ཤིང་།ལྷག་པར་དུ་དེང་གི་དུས་ལ་འཛམ་གླིང་དུ་ལོ་རྒྱུས་རིག་པའི་གཞུང་འདི་སྤྱི་ཚོགས་ཚན་རིག་གི་ཁོངས་སུ་བསྡུས་ཏེ་བརྟག་དཔྱད་ཞིབ་འཇུག་གི་ལས་ལ་གཞོལ་གྱིན་ཡོད་པ་དང་།བོད་ཀྱི་ལོ་རྒྱུས་ནི་བོད་ཀྱི་གནའ་རབས་རིག་གནས་ཐམས་ཅད་ཀྱི་མགོ་ཁུངས་དང་དེར་བལྟ་བའི་མེ་ལོང་ལྟ་བུ་དང་། མ་འོངས་པའི་ཕྱོགས་སྟོན་འཁོར་ལོ་ལྟ་བུ་ཡིན་པས་དགེ་རྒན་རྣམ་པས་འདིའི་སྐོར་གྱི་སློབ་སྦྱོང་ལ་མཐོང་ཆེན་གནང་སྟེ་རིག་གནས་འཕེལ་རྒྱས་རྒྱུན་འཛིན་དང་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་ལ་ཤུགས་སྣོན་རྒྱག་དགོས་སོ།།
 
གཉིས་པ། ལོ་རྒྱུས་ཀྱིས་དུས་རབས་གསར་བའི་ནང་ཐོན་པའི་སློབ་གསོའི་ནུས་པ།
༡ ལོ་རྒྱུས་ལས་བྱུང་བའི་ཕུལ་དུ་བྱུང་བའི་མི་ཆོས་ཀུན་སྤྱོད་བཟང་བོ
བོད་མི་རིགས་ནི་གནའ་ནས་བཟུང་སྤྱོད་ལམ་ཤིན་ཏུ་བཟང་བོ་ལྡན་པའི་མི་རིགས་ཤིག་ཡིན་ལ།མི་ཕལ་ཆེ་བ་ནི་ལས་ལ་བརྩོན་ཞིང་འཚོ་བ་བབས་ཆགས་ཡིན་པ་དང་།བྱམས་དང་སྙིང་རྗེ་ཆེ་བ།ཆེ་བཀུར་ཆུང་བྱམས་ལྡན་པ།རྒྱལ་ཁྲིམས་བཀུར་ཞིང་བཀའ་བརྩི་བ་ཤ་སྟག་ཡིན།ལྷག་པར་དུ་བོན་ཆོས་དང་སངས་རྒྱས་ཆོས་ལུགས་རིག་གནས་དེའི་ཐུན་མོང་མ་ཡིན་པའི་དད་མོས་ཀྱི་ནུས་པ་ཆེན་པོ་ཞིག་དང་། དེ་ལས་བྱུང་བའི་བསམ་བློའི་འདུ་ཤེས་འཛིན་སྟངས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ལ་བརྟེན་ནས་སྤྱི་ཚོགས་འཚོ་བ་དང་མི་རྣམས་ཀྱི་སེམས་ཁམས་དང་འབྲེལ་བའི་འཇིག་རྟེན་གོམས་སྲོལ་སྣ་ཚོགས་ཤིག་རིམ་བཞིན་དུ་ཆགས་ཤིང་དེའི་བླང་དོར་རྣམས་བོད་མི་རིགས་ཀྱི་མི་ཆོས་ཀུན་སྤྱོད་དང་ཡུལ་སྲོལ་གོམས་གཤིས་ཀྱི་ནང་དོན་གཙོ་བོ་ཞིག་ཏུ་གྱུར་ནས་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ཚད་ལྡན་ཅན་དུ་གྱུར་སྟབས།སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་དང་བརྟན་འཇགས་ལ་ནུས་པ་ཆེན་པོ་ཐོན།འདིས་མི་རྣམས་ལ་ཚད་ལྡན་གྱི་སྤྱོད་ལམ་དང་རིན་ཐང་གི་ལྟ་ཚུལ་ཆ་ཚང་ཞིག་བསྟན་ཡོད་ཅིང་།མི་རྣམས་ཀྱིས་བདེན་པ་གཞུང་དྲང་དང་འདོད་ཞེན་སྐྱུང་བ།ཆེ་བཀུར་ཆུང་བྱམས།ཁེངས་སྐྱུང་གཞན་བཀུར།ཕོ་མོ་འདྲ་མཉམ།མཐོ་དམན་འདྲ་མཉམ།བརྩོན་བསྲི་ཁྱིམ་སྐྱོང་།བཙན་པོའི་མགོ་གནོན་པ་དང་ཉམ་ཆུང་གི་མགོན་སྐྱབས།གཞན་ཕན་གྱི་ལས་ལ་མོས་པ།སྒྲིག་ཁྲིམས་བརྩི་སྲུང་།སེམས་ཅན་ལ་བརྩེ་བ།ཁོར་ཡུག་སྲུང་སྐྱོབ་བྱེད་པ་སོགས་ཀྱི་བླང་བྱ་བཏོན་ནས་བདེན་དྲང་དང་བསམ་དཀར་བཅས་ཀུན་སྤྱོད་མཛེས་པ་རྣམས་དར་སྤེལ་དང་།གཡོ་རྫུན་དང་བསམ་སྦྱོར་ངན་པ།ཀུན་སྤྱོད་ངན་པ་རྣམས་བཀག་འགོག་བྱེད་བཞིན་ཡོད་དེ།དཔེར་ན་རྗེ་གཉའ་ཁྲི་བཙན་པོའི་སྐབས་ནས་བཟུང་བཟང་བ་བསྟོད་པ་དང་ངན་པ་སྨད་པ་མཆོག་དམན་གྱི་དབྱེ་བ་འབྱེད་པའི་སྲོལ་བྱུང་ཡོད་པ་དང་།སྤྱི་ལོ་དུས་རབས་བདུན་པར་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་བཅས་མི་ཆོས་ཀྱི་ཁྲིམས་དང་།བཀའ་ཆེམས་ཀ་ཁོལ་མ།ཕུ་བོས་ནུ་བོར་བཏམས་པའི་མདོ།ཕྱིས་ཀྱི་ཐང་ཡིག་སྡེ་ལྔ།   མི་ཆོས་གནད་གྱི་ཕྲེང་བ། ས་སྐྱ་ལེགས་བཤད། སོགས་མི་ཆོས་ཀུན་སྤྱོད་ཀྱི་བསྟན་བཅོས་དག་ལས་བྱུང་བ་བཞིན་མཁས་པ་དང་བླུན་པོ། ཡ་རབས་དང་མ་རབས། བཟང་བོ་དང་ངན་པ། མཆོག་དམན་བདེན་རྫུན།བསྟོད་སྨད།བླང་དོར།འཇུག་ལྡོག་སོགས་བོད་མི་རིགས་ཀྱི་མི་ཆོས་སྤྱོད་ལམ་གྱི་ཚད་གཞི་ཞིག་བསྟན་ཡོད་ཅིང་།ཚད་གཞི་དེ་དག་གིས་བོད་མི་རིགས་དཔལ་ཡོན་ལྡན་པའི་སྤྱི་ཚོགས་ལ་རེ་སྙེག་བྱེད་པའི་ཀུན་སྤྱོད་ཐད་ཀྱི་ལྟ་ཚུལ་ཞིག་མཚོན་ཡོད་པས།མི་རབས་གསར་བ་གསོ་སྐྱོང་བྱེད་པ་དང་།སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དཔལ་ཡོན་འཛུགས་སྐྲུན་བྱེད་པར་མཁོ་གལ་ཤིན་ཏུ་ཆེའོ།།
༢ ལོ་རྒྱུས་ལས་བྱུང་བའི་དཀའ་སྤྱད་འབད་བརྩོན་གྱི་མི་རིགས་སྙིང་སྟོབས།
བོད་ཀྱི་ལོ་རྒྱུས་ཁྲོད་དུ་དཀའ་སྤྱོད་སྡུག་རུས་དང་ཡར་རྒྱས་བརྩོན་སེམས་ཀྱི་མི་རིགས་སྙིང་སྟོབས་ཅན་གྱི་དཔའ་བོ་དང། མཛངས་པ་ཡོན་ཏན་ཅན་རྣམས་ལ་བསྟོད་བསྔགས་བྱེད་ཅིང་མིག་ལྟོས་སུ་འཛིན་པ་དང་། སྡར་མ་ཉམ་ཆུང་རྣམས་ལ་སྨད་ཅིང་འཕྱ་སྨོད་བྱེད་དེདཔེར་ན།ལོ་རྒྱུས་ངག་རྒྱུན་ལས་བྱུང་བའི་ནས་ཀྱི་ས་བོན་བྱུང་ཚུལ་དང་།བྱང་སྐར་སྤུན་བདུན། རྒྱལ་བོ་གཉའ་ཁྲི་བཙན་པོ། མཛངས་བློན་བདུནགྱི་མཛད་པ། གེ་སར་རྒྱལ་བོའི་དགྲ་འདུལ་གཉེན་སྐྱོང་གི་དཔའ་བོའི་གཏམ་རྒྱུད། དཔའ་བོ་སྟག་གིས་བསྟོད་པ། སྡར་མ་ཝ་ཡིས་སྨད་པ། མཛངས་པ་ཡིག་ཚང་གིས་བསྟོད་པ་སོགས་ལས་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བའི་ཡར་རྒྱས་དང་བདེ་སྐྱིད།གནོད་འགོག་དམངས་སྲུང་གི་ངོ་མཚར་མཛད་པ་དང་།འདུན་པ།སེམས་ཤུགས་བཅས་མངོན་ཡོད་ཅིང་།དུས་རབས་གསར་བའི་ནང་རང་རྒྱལ་ནི་སྔར་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲས་ཡིན་ལ།བོད་ཁུལ་གྱི་དཔལ་འབྱོར་རིག་གནས་སོགས་ད་དུང་ཅུང་དབུལ་ཕོངས་དང་རྗེས་ལུས་ཀྱི་ཚད་རིམ་ན་གནས་ཡོད་པས།ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་བོད་ཁུལ་འཛུགས་སྐྲུན་བྱེད་པ།ཕྱི་ཕྱོགས་ལ་སྒོ་འབྱེད་པའི་གོ་སྐབས་བཟང་པོ་དམ་འཛིན་སྒོས་དབུལ་ཕོངས་རྗེས་ལུས་ཀྱི་ཛ་དྲག་ཆེ་བའི་འགྲན་རྩོད་ཀྱི་མདུན་བསུས་ཏེ།ངེས་པར་དུ་དཀའ་སྤྱོད་སྡུག་རུས་དང་འབད་བརྩོན་ལྷོད་མེད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་བོད་ཁུལ་གྱི་རྣམ་པ་དང་འཕེལ་རྒྱས་དེ་དུས་རབས་ཀྱི་གོམ་འགྲོས་དང་མཐུན་པར་འབད་དགོས་སོ།།
༣ ལོ་རྒྱུས་ལས་བྱུང་བའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཚན་རིག་ལག་རྩལ།
བོད་ཀྱི་ལོ་རྒྱུས་ཁྲོད་དུ་བྱུང་བའི་ཚན་རྩལ་རིག་གནས་ནི།བོད་རིགས་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན་ལ།དེར་དུས་ཡུན་རིང་བའི་ལོ་རྒྱུས་ཡོད་ཅིང་ད་ལྟའི་བར་དུ་བོད་ཀྱི་ཐོན་སྐྱེད་ནུས་ཤུགས་གཙོ་བོ་དང་།བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྐུལ་འདེད་ཀྱི་ནུས་ཤུགས་ཆེན་པོ་ཞིག་དང་།མུ་མཐུད་དུ་ལྐོག་གྱུར་རིང་ལུགས་ལ་དགག་པ་རྒྱག་པའི་རིག་གནས་ཀྱི་འཕེལ་ཕྱོགས་གཙོ་བོ་ཞིག་ཏུ་གྱུར་ཡོད།ཚན་རིག་རྗེས་དཔག་ཏུ་གྱུར་བའི་མཚན་ཉིད་རིག་པའི་བསམ་བློ་ནི་ལོ་ངོ་ལྔ་སྟོང་ལྷག་གི་སྔོན་གྱི་ལྷ་སྒྲུང་དུས་རབས་ལ་ཡར་འདེད་ཐུབ་སྟེ། དཔེར་ན་སྒོ་ང་ལས་འཇིག་རྟེན་གྲོལ་བ་དང་།སྒོ་ང་ལས་མིའི་རིགས་བྱུང་བ།སྤྲ་ལས་མི་མཆེད་པ།ནས་འབྲུ་སྔོན་མོའི་འཁྲུངས་རབས་སོགས་མཚན་ཉིད་རིག་པའི་བསམ་བློ་བྱུང་ཟིན་ལ།དངོས་པོའི་འཇིག་རྟེན་ཆགས་ཚུལ་སོགས་ལ་གཤིབ་བསྡུར་བྱེད་པ་དང་།ཉམས་མྱོང་སྟེང་བསམ་གཞིག་བྱེད་པའི་རྣམ་པ་དང་སྣང་ཚུལ་ལ་བརྟེན་ནས་དངོས་པོའི་ངོ་བོ་དང་གྲུབ་ཚུལ་སོགས་ལ་ཤེས་རྟོགས་བྱེད་པའི་བློ་རིག་བྱུང་ཡོད་པ་རེད།
མདོ་དབུས་མཐོ་སྒང་སྟེང་གི་བོད་རིགས་མེས་པོ་རྣམས་ནི་ཅུང་སྔ་མོ་ཞིག་ནས་ཞིང་ཕྱུགས་ལས་དུས་རབས་ལ་སླེབས་པའི་མི་རིགས་ཤིག་ཡིན་ལ།གནའ་རྫས་རྟོག་ཞིབ་པས་རྒྱུས་ལོན་བྱས་པ་ལྟར་ན་བོད་ཁུལ་ནས་ཐོན་པའི་དངོས་རྫས་འབོར་ཆེན་ཞིག་གནའ་བོའི་རྡོ་ཆས་དུས་རབས་ཀྱི་ཡིན་པར་ངོས་བཟུང་ཡོད་ཅིང་།དེར་ངལ་རྩོལ་གྱི་ལག་ཆ་དང་།ས་བོན།རྨོན་ཕྱུགས།ཁྱིམ་ཕྱུགས།ཞིང་ལས།འཁེལ་འཐགལྕགས་རིགས་འདོན་པའི་ལག་རྩལ་གྱི་ཤུལ་ལུས་ཡོད་པ་དང་།ད་ནས་ཡར་བརྩིས་པའི་ལོ་ངོ་བཞི་སྟོང་ལྷག་གི་སྔོན་དུ་བོད་ཀྱི་ལྕགས་རིགས་འདོན་པའི་ལག་རྩལ་དེ་ཚད་མཐོ་ཤོས་སུ་སླེབས་ཡོད་པར་མངོན་ཏེ། དཔེར་ན་ད་ལྟ་བོད་ཁུལ་ནས་ཐོན་རྙེད་བྱུང་བའི་ལི་ཆས་ཀྱི་བདེན་དཔང་བྱེད་ཐུབ་བོ།།ཚུལ་དེ་ལོ་རྒྱུས་ལས་བྱུང་བའི་སྟོད་ཀྱི་སྟེང་གཉིས་ཀྱི་སྐབས་ལྕགས་རིགས་འདོན་པའི་ལག་རྩལ་ལས་ཀྱང་ལོ་སྟོང་ཕྲག་གཉིས་ལྷག་གིས་སྔ་བ་དང་།གཞི་རྒྱ་ཆེ་བའི་བོད་ཁུལ་ནས་ཐོན་པའི་རྫ་ཆས་ཀྱི་རིགས་དང་དབྱིབས། ཁ་དོག རྒྱན་རིས། རྫ་ཆས་ཀྱི་རྒྱུ་ཆ་སོགས་ཀྱིས་ར་སྤྲོད་བྱས་པ་ནི།ལོ་ངོ་བཞི་སྟོང་ནས་ལྔ་སྟོང་ཙམ་གྱི་སྔོན་ནས་བཟུང་བོད་རིགས་མེས་པོ་རྣམས་ཀྱི་རྫ་ཆས་བཟོ་བའི་ལག་རྩལ་ཡང་རྩེར་སོན་ཡོད་པ་བདེན་དཔང་བྱས་འདུགཀྲུང་གོའི་མི་རིགས་ལོ་རྒྱུས་ཞེས་པ་རྒྱ་ཡིག་གི་ལོ་རྒྱུས་ཡིག་ཚང་ཁུངས་བཙུན་དག་ལས་ཡྰན་རྒྱལ་པོའི ( 炎 带 ) ཞིང་ལས་པ་ནི་ཆྰང 羌 )རིགས་ཀྱི་མི་ཡིན་པ་གསལ་བོར་འཁོད་པ་མ་ཟད། ཁོས་ཨ་མདོའི་བོད་རིགས་ཀྱི་ཞིང་ལས་རིག་གནས་དང་།རྫ་ཆས་ཚོན་མདངས་ཅན་གྱི་རིག་པ།ཁང་བ་བཟོ་བའི་རིག་པ་སོགས་ཨ་མདོའི་བོད་རིགས་ཤར་རྒྱུད་དུ་སྤོ་སྐབས་དབུས་རྒྱུད་དུ་སྤེལ་དུ་བཅུག་ཅིང་འདི་ལ་ཨ་མདོའི་ས་ཁུལ་གྱི་གནའ་རྫས་རྙིང་བ་དག་གིས་བདེན་དཔང་བྱེད་ཐུབ་བོ། །ལོ་རྒྱུས་འདི་དག་ནི་བོད་ཀྱི་ལོ་རྒྱུས་ནང་བྱུང་བའི་སྤྱན་རས་གཟིགས་ཀྱིས་ཁ་བ་རི་བོའི་ལྗོངས་སུ་མ་རྨོས་པའི་ལོ་ཏོག་རིགས་ལྔ་དང་གསེར་དངུལ་ཟངས་ལྕགས་ཀྱི་གཏེར་ཁ་སྦས་པ།རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་རུས་རྒྱུད་ཆེན་པོ་བཞི་དང་མིའུ་རུས་དྲུགརྒྱལ་ཕྲན་སིལ་མ་བཅུ་གཉིས་དང་ཉི་ཤུ་རྩ་བཞི་རྣམས་ཀྱིས་རང་རང་གི་གནས་དེར་མཁར་རེ་བརྩིགས་ཤིང་རྒྱལ་ཕྲན་སོ་སོར་རང་གི་རྒྱལ་པོ་དང་བློན་པོ་ཡོད་ལ།མི་རྣམས་ཀྱིས་རྟ་ནོར་ལུག་གསུམ་དང་སྒོ་ཁྱི་གསོ་ཤེས་པ་དང་།ཞིང་ལ་ཆུ་འདྲེན་ཤེས་པ་སོགས་གཞིས་ཆགས་ནས་འཚོ་བ་རོལ་ཚུལ་ཐོ་འགོད་བྱས་པ་དང་ཤིན་ཏུ་མཐུན་ཞིང་།འདིས་བོད་རིགས་མེས་པོ་རྣམས་ཀྱིས་གདོད་མའི་སྤྱི་ཚོགས་ཀྱི་སྐབས་ནས་ཚན་རིག་དང་མཐུན་པར་བསམ་གཞིག་བྱེད་པའི་མྱུ་གུ་འབུས་ཡོད་པ་མ་ཟད།ད་དུང་ཞིང་ཕྱུགས་ལས་དང་།ལྕགས་རིགས་འདོན་པ།   འཁེལ་འཐེག་སོགས་ཀྱི་རིག་པ་ཡོད་པའང་ར་སྤྲོད་གསལ་བོ་བྱས་འདུག
གཞན་ཡང་གནའ་བོའི་ཞང་ཞུང་རྒྱལ་རབས་སྐབས་སུ་བོད་དར་གདོད་མའི་ཆོས་ལུགས་བོན་ལུགས་ཀྱི་གནོད་ཟློག་ལྷ་གསོལ་དང་།བགེག་སྐྲད་ནད་བཅོས།ཆར་སློང་ཐན་འགོགལྷ་འབབ་གདོན་འདུལ།ལྷ་ཁང་དང་མཆོད་ཁྲི་བརྩིགས་བཟོ་སོགས་ཀྱི་བྱ་བའི་ནང་ཆེས་གནའ་བོའི་སྐར་རྩིས་དང་གསོ་རིགཨར་ལས་སོགས་ཀྱི་ཚན་རིག་ལག་རྩལ་འདུས་ཡོད་པ་མཚོན་ལ།བོད་བཙན་པོའི་དུས་སུ་ཚན་རིག་དང་མཐུན་པའི་བསམ་གཞིག་དེ་དག་མ་ལག་ཅན་གྱི་དུས་རིམ་ལ་སླེབས་ཡོད་དེ།དེའི་མཚོན་རྟགས་ནི་འཇིག་རྟེན་འདི་འབྱུང་བ་ལྔ་ལས་གྲུབ་པར་འདོད་པའི་གཟུགས་ཉིད་སྨྲ་བའི་ལྟ་བ་བྱུང་བ་དང་།འཇིག་རྟེན་འདི་ འགལ་ཟླའི་ཕྱོགས་འགའ་ལས་གྲུབ་པ་དང་མཁའ་དང་མི་དབྱེར་མེད་ཀྱིལྷ་ཡུལ།མི་ཡུལ།ཀླུ་ཡུལའཇིག་རྟེན་གཅིག་གྱུར་གྱི་ལྟ་བས་ཐད་ཀར་གནམ་དཔྱད་དང་སྐར་རྩིས།རྩིས་རིགམིའི་ལུས་ཁམས་ཀྱི་ཚན་རིགགསོ་རིགསྐད་དང་ཡི་གེཁྲིམས་ལུགས།གཏན་ཚིགས་རིག་པ།མི་ཆོས་ཀུན་སྤྱོད་སོགས་ཚན་རིག་དང་མཐུན་པའི་བསམ་གཞིག་མང་པོ་བྱུང་ངོ་། །ཞིང་ཕྱུགས་ལས་དང་ལྕགས་རིགས་འདོན་པ།འཁེལ་འཐགཨར་ལས་འཛུགས་སྐྲུན།ཟམ་བཟོ་སོགས་བཟོ་རྩལ་སོགས་ལག་རྩལ་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་ཞིང་ཚན་རྩལ་གྱི་རིགས་མང་པོ་ཞིག་ད་དུང་འཛམ་གླིང་གི་ཨང་དང་པོའི་གྲས་སུ་སླེབས་ཡོདརེད།མཛངས་མི་བདུན་གྱི་མཛངས་པའི་ལས་སུ་ཞིང་ཕྱུགས་ལས་རིགས་དང་། བྲེ་དང་སྲང་འཇལ་བའི་ཚད།སྐད་དང་ཡི་གེ་སོགས་ཀྱི་ཐད་སྔ་མཐུད་ཕྱི་སྤེལ་གྱི་ལས་དོན་རླབས་ཆེན་བསྒྲུབས་པ་དེས་བོད་ཀྱི་སྤྱི་ཚོགས་མདུན་དུ་སྐྱོད་པ་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད།དེ་དང་མཉམ་དུ་བྱ་དངོས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པའི་ཚན་རིག་གི་འཆར་སྒོ་སྣ་ཚོགས་ཤིག་ཀྱང་བྱུང་ངོ་། །བོད་རིགས་ཀྱི་དཔལ་ཡོན་དེ་དབུས་རྒྱུད་ཤེས་རིག་དང་གནའ་བོའི་ཨད་ཇིའི埃及)ཤེས་རིགརྒྱ་གར་གྱི་གནའ་བོའི་ཤེས་རིག པ་པིས་ལོན巴比伦གྱི་གནའ་བོའི་ཤེས་རིག  ཞི་ལའི希腊)ཤེས་རིག་དང་དུས་མཉམ་དུ་མིའི་རིགས་ཀྱི་ཤེས་རིག་གི་འབྱུང་ཁུངས་སུ་གྱུར་ཡོད་པ་རེད།ཡིན་ཡང་བོད་ཀྱི་ཤེས་རིག་དེ་གོང་གི་ཡ་གླིང་ལྷོ་མའི་ཡ་གླིང་ཤེས་རིགབུས་རྒྱུད་ཀྱི་ཤེས་རིག་བཅས་དང་བསྡུར་ན།དེ་གནས་པའི་ས་ཁམས་དང་།རང་བྱུང་ཁོར་ཡུགཆ་རྐྱེན་བཅས་ཅུང་ཞན་པས་ཚད་ངེས་ཅན་ཞིག་གི་སྟེང་ནས་བལྟས་ན་བོད་ཀྱི་ཤེས་རིག་འཕེལ་རྒྱས་ཀྱི་ཆུ་ཚད་དང་འཕེལ་རྒྱས་བར་གསེང་བཅས་ལ་བཀག་འགོག་ཐེབས་ཡོད་པ་རེད།
ད་ལྟའི་དུས་རབས་གསར་བའི་ནང་དུ་བོད་མི་རིགས་འདི་སྔོན་ཐོན་གྱི་གྲས་སུ་ཆུད་དགོས་ན།ང་ཚོས་བོད་ཀྱི་ལོ་རྒྱུས་ལས་བྱུང་བའི་སྔོན་ཐོན་གྱི་ཚན་རིག་ལག་རྩལ་རྣམས་དུས་རབས་གསར་བའི་ནང་སྔ་མཐུད་ཕྱི་སྤེལ་དང་། དར་སྤེལ་གསར་གཏོད་བྱེད་པའི་བྱ་བ་འདོན་སྤེལ་གང་ལེགས་བྱེད་དགོས་སོ།།
འབྱུང་འགྱུར་སློབ་གསོའི་ཁྲོད་ཀྱི་ནུས་པ།
ང་ཚོར་མ་འོངས་པར་མཁོ་བའི་ཤེས་ལྡན་མི་སྣ་ནི། ཕྱོགས་ཡོངས་ཀྱི་ཤེས་ཡོན་མཛོམས་པ་དང་། ཕུགས་བསམ་ཡོད་པ། བསམ་སྤྱོད་བཟང་བ། ཉམས་མྱོང་བསླབ་བྱ་རྣམས་བསྡུ་ལེན་དང་།ཤེས་རིག་དང་སྲོལ་རྒྱུན་བཟང་བོ་རྒྱུད་འཛིན་དར་སྤེལ་བྱེད་མཁས་པའི་སྙིང་སྟོབས་དང་བརྩོན་སེམས་ཅན་གྱི་མི་སྣ་ཡིན་ཞིང་། དེ་ན་བོད་ཀྱི་ལོ་རྒྱུས་ཁྲོད་བྱུང་བའི་ཚན་རིག་ལག་རྩལ་སྐོར་གྱི་ནང་དོན་ཧ་ཅང་མང་ཞིང་།དེའི་ཁྲོད་ཀྱི་ནང་དོན་ཕལ་ཆེ་བ་ད་ལྟའི་སྤྱི་ཚོགས་འཕེལ་རྒྱས་དང་ཤིན་ཏུ་འཚམས།དེར་བརྟེན་དེ་ལ་སློབ་སྦྱོང་དང་རྒྱུན་འཛིན།དར་སྤེལ་བཅས་བྱ་རྒྱུ་ནི་བོད་ཁུལ་གྱི་སློབ་མའི་བསམ་བློའི་སློབ་གསོ་དང་རིག་གནས་སློབ་གསོ།རྒྱུ་སྤུས་སློབ་གསོ་བཅས་ཡོད་དོ་ཅོག་གི་ནང་དོན་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་མ་ཟད་དེང་རབས་ལ་དགོས་མཁོ་ཡང་ཤིན་ཏུ་ཆེ དེའི་སློབ་གསོ་མྱངས་པའི་མི་རྣམས་རིག་གནས་ཀྱི་རྐང་འཛིན་པ་དང་སྣེ་ཁྲིད་པར་འགྱུར་བའི་ཆེད་དུ་བོད་ཁུལ་གྱི་སློབ་གསོའི་ཐད་ལ་གནའ་བཟང་དེང་སྤྱོད་དང་ཕྱི་ལེགས་ནང་འདྲེན་སྒོས་བོད་ཁུལ་གྱི་སློབ་གསོའི་བྱ་གཞག་སྔར་ལས་ལེགས་སྤེལའཛུགས་སྐྲུན་ལ་རང་ཤེས་ནུས་པའི་བྱས་རྗེས་གང་ལེགས་འཇོག་དགོས། བོད་ཁུལ་རིམ་པ་སོ་སོའི་སློབ་གྲྭའི་སློབ་གསོའི་ཁྲོད་བོད་ཀྱི་ལོ་རྒྱུས་རིག་གནས་སྐོར་གྱི་སློབ་ཁྲིད་འོས་འཚམ་རེ་བཀོད་སྒྲིག་བྱས་ཏེ་སློབ་མས་འདས་སོང་གི་ལོ་རྒྱུས་དང་ད་ལྟའི་གནས་ཚུལ་ཅི་ཙམ་ཤེས་ན།དེ་ཙམ་གྱི་ཤེས་བྱ་གཏིང་ཟབ་ཏུ་འགྲོ་བ་དང་།མི་རིགས་རང་ཉིད་ཀྱི་སྤོབས་སེམས་དང་།མི་རིགས་དང་རིག་གནས་ལ་དགའ་ཞེན།མི་རིགས་རང་ཉིད་ལ་ཡིད་ཆེས་པའི་བསམ་བློ་དེ་ཙམ་གྱིས་རྒྱ་བསྐྱེད་ཐུབ་ཕྱིར།ཕ་ཡུལ་འཛུགས་སྐྲུན་བྱེད་པ་དང་།མེས་རྒྱལ་འཛུགས་སྐྲུན་བྱེད་པའི་ཆེད་དུ་སློབ་སྦྱོང་ལ་འབད་པ་ལྷོད་མེད་བྱེད་པའི་ཀུན་སློང་ཡང་དག་ཅིག་སྐྱེད་སྲིད་དོ། །དགེ་རྒན་ཞིག་ཡིན་ཚེ་རང་རིགས་ཀྱི་འདས་པའི་ལོ་རྒྱུས་བྱུང་བ་ལ་སློབ་སྦྱོང་མི་བྱ་བ་དང་། དེའི་ཁྲོད་ཀྱི་ཉམས་མྱོང་བསླབ་བྱ་བསྡུ་ལེན་མི་བྱེད་པ།དེར་བསམ་གཞིགས་ལེགས་པོ་མ་བཏང་ན་མི་རིགས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་མི་ཤེས་ཤིང་ལེགས་ཉེས་དང་བླང་དོར་གྱི་ཆ་ལའང་རྨོངས་པར་འགྱུར་ལ། མཐར་གཏུགས་ན་མི་རིགས་ལ་འགན་མི་འཁུར་བའི་མི་ཞིག་ཏུ་འགྱུར་སྲིད།དེ་བས་གནའ་རབས་ཀྱི་མེས་པོ་རྣམས་ཀྱི་འཐབ་རྩོད་ཀྱི་སྙིང་སྟོབས།གསར་གཏོད་ཀྱི་སྙིང་སྟོབས།དགྲ་འགོག་གཉེན་སྲུང་གི་འདུ་ཤེས།མི་ཆོས་ཀུན་སྤྱོད་ཀྱི་འདུ་ཤེས།མཐུན་སྒྲིལ་མཉམ་གནས་ཀྱི་འཚོ་བའི་འདུ་ཤེས་བཅས་རེ་རེ་བཞིན་ངོ་འཕྲོད་པ་ཞིག་བྱུང་ཚེ་ད་གཟོད་སློབ་མ་རྣམས་ཀྱིས་ལོ་རྒྱུས་ལ་བསམ་གཞིགས་དང་ཕྱིར་འདང་བརྒྱག་ངེས་ལ་བཟང་པོ་ལ་མིག་དཔེ་ལྟ་བ་དང་། ངན་པ་ལ་སུན་འབྱིན་བྱེད་པལེགས་ཉེས་ཀྱི་དབྱེ་བ་འབྱེད་པ་བཅས་ལ་བློ་སྒོ་གསར་བ་ཞིག་འབྱེད་ངེས་སོ།།
 
གསུམ་པ། བོད་ཀྱི་ལོ་རྒྱུས་སློབ་ཁྲིད་བྱེད་པའི་ཐབས་ལམ་སྐོར་གླེང་བ།
༡ ལོ་ཚིགས་ཀྱི་རིམ་པ་ལྟར་གོ་སླ་བ་དང་སྟབས་བདེ་བ་ནས་མགོ་བརྩམས་ཏེ་སྤྱི་ཁོག་བློར་ངེས་སུ་འཇུག་པ།
སྤྱིར་ལོ་རྒྱུས་ལ་དུས་སྐབས་དང་ལོ་ཚིགས་ཀྱི་རིམ་པ་གསལ་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ། ད་ལྟ་འདས་པའི་དུས་ལའང་གནའ་རྫས་རྟོག་དཔྱད་རིག་པས་ཚན་རིག་གི་ཐབས་ལམ་ལ་བརྟེན་ནས་ཆེས་གནའ་དུས་དང་ཉེ་དུས། དེང་དུས་བཅས་ལའང་དུས་མཚམས་མི་འདྲ་བ་རེ་བཅད་ཡོད་པ་དང་། བོད་རིགས་ཀྱི་ལོ་རྒྱུས་ཀྱང་མི་རིགས་གཞན་གྱི་ལོ་རྒྱུས་དང་མཚུངས་པར་མིའི་རིགས་ཀྱི་ཐོག་མའི་འབྱུང་ཁུངས་དང་དེ་ནས་སྤྲ་མིན་མི་མིན་གྱི་འཕེལ་འགྱུར། མི་མ་ཡིན་གྱིས་དབང་སྒྱུར། རུས་རྒྱུད་ཚོ་བའི་བྱུང་འཕེལ། རྒྱལ་ཕྲན་སིལ་མའི་ཆགས་ཚུལ་སོགས་ཆེ་ཤིན་ཏུ་རིང་ན་ཡང་། ད་ལྟའི་ཚན་རིག་གིས་དཔྱད་པ་ལྟར་ན་དེ་དག་ ཕལ་ཆེར་ལོ་ངོ་ག་ཚོད་ཅིག་གི་དུས་ཡིན་པ་ཚོད་དཔག་ཐུབ་པ་དང་། ཕྱིས་ཀྱི་བོད་བཙན་པོའི་རྒྱལ་རབས་ནས་བཟུང་བོད་རང་གི་ལོ་རྒྱུས་ཡིག་ཚང་རྣམས་སུ་ལོ་ཚིགས་སོགས་གསལ་བ་ལྟར་ཐོག་མར་ལོ་རྒྱུས་ཀྱི་བྱུང་བ་ལྟར་ལོ་ཚིགས་ཀྱི་རིམ་པ་གསལ་བོ་ཞིག་གོང་བསྒྲིགས་ཏེ་ལེའུ་དང་ས་བཅད་ཀྱི་དབྱེ་བ་དགར་བ་དང་། དེ་དང་འབྲེལ་ནས་ལེའུ་དང་ས་བཅད་སོ་སོའི་བརྗོད་སྙིང་གཙོ་བོ་སྤྱི་ཙམ་ཞིག་སྟེ། དཔེར་ན་སྤུ་རྒྱལ་བཙན་པོའི་དུས་སྐབས་ཀྱི་ལོ་རྒྱུས་ལྟ་བུར་མཚོན་ན། རྒྱལ་པོ་གཉའ་ཁྲི་བཙན་པོས་རྒྱལ་ཕྲན་སིལ་མ་བཅུ་གཉིས་དབང་དུ་བསྡུས་ཤིང་བྲན་གཡོག་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་གསར་དུ་བཙུགས་ཚུལ། རྒྱལ་ས་དང་ རྒྱལ་ཁྲིམས། ཕ་ཤུལ་བུས་འཛིན་པ། ཕྱག་དང་ཞེ་སའི་སྲོལ་བྱུང་བ། གདུང་རབས་ཕྱི་མ་རྣམས་ཀྱི་དུས་མངའ་ཁོངས་རྒྱ་བསྐྱེད་པ། ཤེས་རིག་སྤེལ་བ། བང་སོ་བརྩིགས་པ་སོགས་སྤྱི་ཁོག་ཙམ་ཞིག་བློར་ངོས་སུ་འཇུག་པ་དང་། སྐྱ་ཐིག་དེ་འདྲ་ཞིག་ལ་བརྟེན་ནས་སློབ་མ་རྣམས་ཀྱིས་ལོ་རྒྱུས་ཀྱི་གོ་རིམ་གསལ་བོ་ཞིག་ཁོང་དུ་ཆུད་པ་དང་རྨང་གཞི་བརྟན་པོ་ཞིག་ཆགས་སུ་འཇུག་དགོས།
༢ གཙོ་ཕལ་དང་བླང་དོར་གྱི་དབྱེ་བ་ཡོད་པའི་སྒོ་ནས་སློབ་ཁྲིད་བྱེད་པ།
ལོ་རྒྱུས་ནི་འདས་ཟིན་པའི་བྱ་བ་ཞིག་ཡིན་པས་དུས་ཡུན་ཤིན་ཏུ་རིང་ལ། དོན་རྐྱེན་དང་འཕེལ་འགྱུར་ཡང་སྣ་ཚོགས་ཤིག་ཡོད་ངེས་ཀྱང་ངག་རྒྱུན་དང་ཟིན་ཐོ་ལས་བྱུང་བ་ཙམ་མ་གཏོགས་གཞི་འཛིན་ས་མེད་ལ། ངག་རྒྱུན་དང་ཟིན་ཐོ་ལས་བྱུང་བ་ཡང་ཡོད་ཚད་ངོ་མ་དང་བདེན་པ་ཡིན་མི་སྲིད་ལ། ད་ལྟ་བཀོད་ཡོད་པ་ཚང་མ་ཇི་བཞིན་ཡིན་པའི་ངེས་པའང་མ་མཆིས་མོད།འོན་ཀྱང་ངག་རྒྱུན་དང་ཟིན་ཐོ་དག་ལས་བྱུང་བ་དེ་དག་ནི་ལོ་རྒྱུས་རྨང་གཞི་དང་དཔེ་མཚོན་ཙམ་དུ་ཟད།དེ་དག་ལས་ཀྱང་སློབ་བུ་ཚོས་དཔལ་འབྱོར་དང་དམག་དོན།ཁྲིམས་སྲོལ།འཛུགས་སྐྲུན།ཆོས་ལུགས།ཀུན་སྤྱོད་སོགས་ཀྱི་རིན་ཐང་ལྡན་པའི་དཔེ་མཚོན་རང་བཞིན་ཅན་དང་། རང་གི་དགའ་ཕྱོགས་མཁོ་ཕྱོགས། དེང་སྐབས་བཀོལ་སྤྱོད་ཀྱི་རིན་ཐང་ཅན་ཏེ།དཔེར་ན།སྤུ་རྒྱལ་བཙན་པོའི་དུས་སྐབས་སྤང་ཐང་ཞིང་དུ་རྨོ་བ།ཞིང་ལ་ཆུ་འདྲེན་པ།ཆུ་ལ་ཟམ་པ་འཛུགས་པ། ཕོ་བྲང་དང་གསས་མཁར་བརྩིགས་པ།དམག་དཔུང་གི་སྒྲིག་གཞི་འཛུགས་པ།བཟང་བོར་བསྟོད་པ་དང་ངན་པར་སྨད་པ།བཙན་པོས་སྐུ་གཤེན་ལ་བརྟེན་ནས་ལེགས་ཉེས་བླང་དོར་གྱི་དབྱེ་བ་བརྟགས་ཚུལ་སོགས་གཙོ་བོར་བཟུང་རྒྱུ་དང་།མི་སྣའི་ཐད་ནས་གཉའ་ཁྲི་བཙན་པོ་དང་སྟོད་ཀྱི་སྟེང་གཉིས།ཨེ་ཤོ་ལེགས།ལྷ་ཐོ་ཐོ་རི་གཉན་བཙན།སྟག་རི་གཉན་གཟིགས།གནམ་རི་སྲོང་བཙན་གྱིས་མཚོན་པར་བྱས་པའི་རྒྱལ་བློན་བྱས་རྗེས་ཅན་ལས་གདུང་རབས་ཉི་ཤུ་རྩ་དགུ་ཙམ་རེ་རེ་བཞིན་ཞིབ་ཏུ་བརྗོད་པའི་དགོས་པའང་མ་མཆིས་སོ།།གཙོ་བོ་ལེགས་ཉེས་བླང་དོར་གྱི་ཆ་ལ་ཕན་པ་དང་།རྒྱུད་འཛིན་དང་གསར་གཏོད་ཀྱི་བློ་གྲོས་དང་སྙིང་སྟོབས་བསྐྱེད་པ།དུས་སྐབས་དེའི་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་རྣམས་ཀྱི་འཚོ་བ་རོལ་སྟངས། བསམ་བློའི་འདུ་ཤེས་འཛིན་སྟངས། འཇིག་རྟེན་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ།ཆོས་ལུགས་ཀྱི་དགོངས་དོན་བཅས་གཙོ་བོར་འཛིན་པ་ལས་གཏམ་རྒྱུད་ཀྱི་བྱུང་རིམ་དང་།དོན་རྐྱེན་གྱི་རྒྱབ་ལྗོངས་སོགས་ཕལ་བར་བཞག་སྟེ་དཀའ་གནད་དང་གཙོ་གནད་འབུར་དུ་ཐོན་དགོས།
༣ གཤིབ་བསྡུར་དང་བགྲོ་གླེང་གི་ཐབས་ལ་བརྟེན་ནས་དབྱེ་ཞིབ་བྱེད་པའི་ནུས་པ་སྐྱེད་སྲིང་བྱེད་པ།
གོང་གསལ་ལྟར་གོ་རིམ་ཡོད་པའི་སྒོ་ནས་རྨང་གཞི་ཅུང་བརྟན་པོ་ཞིག་ཆགས་པ་ན་ལོ་རྒྱུས་ཀྱི་ལྟ་རྒྱའང་རྒྱ་བསྐྱེད་ཏེ། བོད་རང་གི་ལོ་རྒྱུས་རྒྱས་བསྡུས་སྣ་ཚོགས་ལ་ལྟ་ཀློག་སློབ་སྦྱོང་བྱེད་པ་ལས་ད་དུང་མི་རིགས་གཞན་གྱི་ལོ་རྒྱུས་ལའང་ལྟ་ཀློག་བྱེད་དགོས། རྒྱལ་ཁབ་དང་མི་རིགས་གང་འདྲ་ཞིག་ཡིན་ཀྱང་རང་རང་ལ་བྱུང་འཕེལ་གྱི་ལོ་རྒྱུས་ཐུན་མོང་མ་ཡིན་པ་རེ་ཡོད་པ་དང་།སྤྱི་ཚོགས་ཀྱི་ལམ་ལུགས་དང་།འཚོ་གནས་ཁོར་ཡུགའཚོ་བའི་རྟེན་གཞི།ཡུལ་སྲོལ་གོམས་གཤིས།བསམ་བློའི་འདུ་ཤེས་འཛིན་སྟངས་བཅས་མི་འདྲ་བའི་དབང་གིས་དུས་སྐབས་གཅིག་གི་ནང་དུའང་རྒྱལ་ཁབ་དང་མི་རིགས་སོ་སོའི་འཕེལ་འགྱུར་མི་འདྲ་བ་དང་།བྲན་གཡོག་དང་བཀས་བཀོད་རྒྱུད་འཛིན་ལམ་ལུགས་སུ་བགྲོད་པའི་དུས་ཡུན་མི་འདྲ་བ་སྣ་ཚོགས་ཤིག་བྱུང་ཡོད་པ་རེད།མི་རིགས་གཅིག་ལ་མཚོན་ན་ཡང་།ལོ་རྒྱུས་དུས་སྐབས་སོ་སོར་བརྒྱུད་པའི་དུས་ཡུན་དང་འཕེལ་རྒྱས་ཀྱི་མྱུར་བུལ།ཤེས་རིག་དང་སྲིད་འབྱོར་དམག་གསུམ་གྱི་དར་རྒུད་སོགས་མི་འདྲ་བར་སྣང་།དེ་བས་རྒྱལ་ཁབ་དང་རྒྱལ་ཁབ།མི་རིགས་དང་མི་རིགས།ལམ་ལུགས་དང་ལམ་ལུགས།ཤེས་རིག་དང་ཤེས་རིག་སོགས་ཕན་ཚུན་གཤིབ་བསྡུར་བྱས་ཚེ་ད་གཟོད་གང་ཞིག་སྔོན་ཐོན་ཡིན་པ་དང་གང་ཞིག་རྗེས་ལུས་ཡིན་པ།གང་ཞིག་བླང་བྱ་ཡིན་པ་དང་གང་ཞིག་དོར་བྱ་ཡིན་པ།དར་རྒུད་ཀྱི་རྒྱུ་རྐྱེན་གང་ཡིན་པ་སོགས་རྟོགས་ཐུབ།དེའི་མཚུངས་སུ་ལམ་ལུགས་དང་བསམ་བློ།བྱེད་ཐབས་གང་ཞིག་གནའ་བཟང་དེང་སྤྱོད་བྱ་རྒྱུ་དང་ཕྱི་ལེགས་ནང་འདྲེན་བྱ་རྒྱུ་བཅས་ལ་བློ་སྒོ་གསར་བ་ཞིག་འབྱེད་ངེས།དེ་བཞིན་སློབ་ཁྲོད་སློབ་མ་རྣམས་ཀྱིས་རང་རང་གི་འཆད་པ་དང་བསམ་གཞིགདབྱེ་ཞིབ།རིགས་འདེད་བཅས་བྱེད་རྒྱུ་བཅས་གོམས་སུ་འཇུག་པ་དང་དེའི་ནུས་པ་སྐྱེད་སྲིང་བྱས་ནས་རང་རང་གི་ལྟ་བ་འདོན་སྤེལ་བྱེད་པའི་ཆེད་དུ་བྱེ་བྲག་གི་དཔེ་མཚོན་རང་བཞིན་ཅན་གྱི་གནད་དོན་རེ་གཉིས་ཆེད་དུ་ཕན་ཚུན་བགྲོ་གླེང་བྱེད་རྒྱུ་དང་དགེ་རྒན་གྱིས་ཁྲིད་ཟིན་པ་རྣམས་སྦྱོང་བརྡར་བྱེད་པའི་གོ་སྐབས་ཁྲོད་ནས་རང་གཞན་དང་།ཕྱི་ནང་།གནའ་དེང་དང་ལེགས་ཉེས་བཅས་གཤིབ་བསྡུར་བྱས་པ་བརྒྱུད་ནས་དེའི་ཁྲོད་ལྟ་ཚུལ་གསར་བ་ཆགས་སུ་འཇུག་པ་དང་།ཤེས་བྱ་གསར་བ་ཐོབ་ཏུ་འཇུག་པ།ངེས་ཤེས་དང་བློ་སྐྱེད་གསར་བ་ཐོབ་ཏུ་འཇུག་དགོས།དེ་ལྟར་བྱས་ཚེ་སློབ་མ་རྣམས་ལ་དངོས་གཙོ་དང་མཐུན་པའི་རང་གི་ལོ་རྒྱུས་ལྟ་བ་ཡང་དག་ཅིག་ཆགས་ཐུབ་པ་དང་།ཤེས་རྒྱ་ཇེ་ཆེ་དང་ཐོས་རྒྱ་ཇེ་མང་།བློ་རྒྱ་ཇེ་ཡངས་སུ་འགྲོ་བ་དང་མ་འོངས་པར་ཤེས་ཡོན་ཡོད་པ་དང་། ཕུགས་བསམ་ཡོད་པའི་མི་རིགས་དང་མེས་རྒྱལ་གྱི་རྒྱུད་འཛིན་པ་ཚད་ལྡན་ཞིག་སྐྱེད་སྲིང་བྱེད་ཐུབ་བོ།།
 
དམ་པ་དག་ལ་བསྟེན་པ་དང་།།
མཁས་པ་དག་ལ་དྲི་བ་དང་།།
གཞུང་བཟང་བོ་དང་འགྲོགས་པ་དེ།།
སུ་ལ་ལྡན་ན་རྒྱུན་དུ་བདེ།།
 
མཁས་པ་སློབ་པའི་དུས་ན་སྡུག།
བདེ་བར་སྡོད་ལ་མཁས་མི་སྲིད།།
བདེ་བ་ཆུང་ལ་ཆགས་པ་དེས།།
ཆེན་པོའི་བདེ་བ་ཐོབ་མི་སྲིད།།
པར་ལྡན་འོས་སྦྱོར།
རྡེབ་ཚད་མང་ཤོས།