中  文
དགེ་རྒན་གྱི་འོས་འགན་གླེང་བའི་གཏམ།
སྤེལ་དུས།  2014-06-12 08:36:06    རྡེབ་ཚད། 

                   དགེ་རྒན་གྱི་འོས་འགན་གླེང་བའི་གཏམ།

                           
                                   མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན།    དགེ་རྒན།    སྟོབས་ལྡན།
༄༅།།བོད་རང་གི་སྲོལ་རྒྱུན་རིག་གནས་ཀྱི་ཁྲོད་དུ་དགེ་རྒན་ནི་བདེ་ལེགས་ཐམས་ཅད་ཀྱི་རྩ་བར་ངོས་བཟུང་སྟེ་ཆ་རྐྱེན་དང་རེ་བ་མཐོན་པོ་བཏོན་འདུག   དེ་ཡང་ཚད་ལྡན་གྱི་དགེ་རྒན་ཞིག་ཡིན་ན། མཁས་པ་ཞིག་ཡིན་པ་གཞིར་བཞག་གི་སྟེང་ནས་ཆརྐྱེན་དུ་མ་ཚང་དགོས་པ་ནི་མདོ་སྡེ་རྒྱན་ལས་དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན་ཞེས་སོགས་གསུངས་ནས་གསལ་བར་བསྟན་འདུག་ལ། ས་པཎ་མཁས་འཇུག་ལས་ཀྱང་གཙང་མཁས་གཞན་ལ་ཕན་པར་འདོད་པ་ཞེས་དགེ་རྒན་ལ་མཚན་ཉིད་བཞག་ཡོད། བདག་གིས་འདི་དག་དཔེར་བལྟས་ཏེ་དེང་སང་གི་རང་དང་བློ་ཁ་མཉམ་པའི་དགེ་རྒན་རྣམས་དང་དགེ་འོས་སློབ་མ་རྣམས་ལ། སྔོན་གྱི་གཞུང་ལས་གསུངས་པ་ནང་བཞིན་ཐོན་དཀའ་ཡང་། ཤེས་ཡོན་དང་ནི་བསམ་པ་དང་།། ནུས་པ་སྤྱོད་ལམ་ཁྱད་པར་བཅས།། ཡོངས་སུ་ཚང་ན་ཚད་ལྡན་གྱི།། སློབ་མ་སྐྱོང་ཐུབ་དགེ་རྒན་དག ། ཅེས་སློབ་མ་ལས་ཡོན་ཏན་ལྷག་པ་དང་། གཞན་ལ་ཕན་པའི་བསམ་པ་ཡོད་པ། སློབ་གསོ་སློབ་ཁྲིད་ཀྱི་ནུས་པ་ཡོད་པ། སློབ་མའི་མིག་དཔེར་འོས་པའི་སྤྱོད་ལམ་ལྡན་པ། གཞན་དང་ཐུན་མོང་མིན་པའི་རང་གི་ཁྱད་པར་ཅན་གྱི་ཁྲིད་སྲོལ་ཡོད་པ་བཅས་ཕྱོགས་ལྔ་ནས་རེ་བ་འདོན་བཞིན་ཡོད།  དགེ་རྒན་གྱི་ལས་གཉེར་བའི་མི་བུ་དག་གིས་ལས་རིགས་འདིའི་ངོ་བོར་ངོས་འཛིན་ཡང་དག་ཅིག་བྱས་རྗེས། རང་ཉིད་ཚད་ལྡན་གྱི་ཕྱོགས་སུ་བགྲོད་པར་རྟག་ཏུ་འབད་འབུངས་བྱ་བ་ནི་འཕེལ་རྒྱས་ཀྱི་
ལམ་གཅིག་པུར་ངེས།
རང་གི་ལས་རིགས་ཀྱི་ངོ་བོ་ངོས་ཟིན་རྗེས།   ངེས་པར་ཤེས་དགོས་པ་རྣམས་ཁོང་དུ་ཆུད་པར་བྱ་བ་དང་། སྒྲུབ་དགོས་པ་རྣམས་ལེགས་འགྲུབ་ཡོང་བར་བྱ་དགོས། དེ་ཡང་ངེས་པར་ཤེས་དགོས་པ་དང་སྒྲུབ་དགོས་པ་ལ་འདི་དག་ཡོད་དེ། སློབ་སྦྱོང་བྱ་དགོས་པའི་རྒྱུ་མཚན་ནི། ལང་ཚོའི་རྒྱན་ནི་ཐོས་པ་དང་།། ཐོས་པའི་རྒྱན་ནི་ཞི་བ་དང་།། ཞི་བའི་རྒྱན་ནི་དབེན་པ་དང་།། དབེན་པའི་རྒྱན་ནི་ནགས་ཚལ་ལོ།། ཞེས་པའི་ལེགས་བཤད་དང་།ཐོས་པས་ཆོས་རྣམས་ཤེས་པར་འགྱུར།། ཐོས་པས་སྡིག་ལས་ལྡོག་པར་བྱེད།། ཐོས་པས་དོན་མ་ཡིན་པ་སྤོང་།། ཐོས་པས་མྱ་ངན་འདས་པ་འཐོབ།། ཅེས་ཐོས་པའི་ཚོམས་ལས་བྱུང་བའི་གསུང་ཚིག་དང་། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན།། རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག ། ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན།། ཐབས་ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག ། ཅེས་དང་།  དཔལ་དང་གྲགས་དང་གཏེར་གྱི་མཆོག་ཀྱང་ཡིན།། ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག ། ཚོགས་ཀྱི་ནང་ན་མཁས་པ་དགའ་བར་འགྱུར།། ཕས་ཀྱི་རྒོལ་ལ་ཉི་མའི་འོད་དང་འདྲ།། ཞེས་སྐྱེས་རབས་ལས་བྱུང་བའི་གསུང་ཚིག་དག་ལས་ཁོང་དུ་ཆུད་པར་བྱ་དགོས། སློབ་སྦྱོང་གི་དམིགས་ཡུལ་ནི། བོད་རང་གི་སྲོལ་རྒྱུན་གྱི་རིག་གནས་ལས་སྐྱོན་ཀུན་ཟད་དང་། ཡོན་ཏན་ཀུན་ལྡནཞེས་བསྟན་འདུག་ལ། ང་ཚོས་རང་གིས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པར་མ་ཟད། གཞན་དག་ལ་གྲོགས་བྱས་ཏེ་བདེ་སྐྱིད་ཀྱི་འཚོ་བ་རོལ་ཏུ་འཇུག་ཐུབ་པ་ཞིག་དམིགས་ཡུལ་ལ་བཞག་ན་ཆོག་སྙམ། སློབ་སྦྱོང་གི་ལྟ་བ་ནི། མཁས་པས་རིག་པ་རྣམ་ཀུན་ཏུ།། ན་ཚོད་ཡོལ་ཡང་བསླབ་པར་བྱ།། ཞེས་སློབ་དཔོན་ཀླུ་སྒྲུབ་ཀྱི་ཤེས་རབ་སྡོང་བུ་ལས་བྱུང་བའི་ལེགས་བཤད་དང་། རིག་པ་སློབ་པའི་དུས་ན་སྡུག ། བདེ་བར་སྡོད་ལ་མཁས་མི་སྲིད།། ཅེས་པ་དང་། རིག་པ་ནངས་པར་འཆི་ཡང་བསླབ།། ཅེས་པའི་ས་པཎ་གྱི་ལེགས་བཤད་དག་ལས་ཤེས་པར་བྱ་དགོས། སློབ་སྦྱོང་གི་རྣམ་འགྱུར་ནི། གཞན་ལ་གཞེན་སྐུལ་འདེབས་མཁས་ཤིང་།། མ་བཅོལ་ཕན་པ་བྱེད་པའི་ངག ། གུས་པས་སྤྱི་བོས་བླང་བགྱིས་ཏེ།། རྟག་ཏུ་ཀུན་གྱི་སློབ་མར་འགྱུར།། ཞེས་པའི་རྒྱལ་སྲས་ཞི་བ་ལྷའི་གསུང་དང་། ལེགས་བཤད་བྱིས་པ་དག་ལས་ཀྱང་།། མཁས་པ་རྣམས་ནི་ཡོངས་སུ་ལེན།། ཞེས་པའི་ས་པཎ་གྱི་ལེགས་བཤད་དང་། དྲི་ཞིམ་བྱུང་ན་རི་དྭགས་ལྟེ་བ་ལས།། འབད་པས་གླ་རྩི་ལེན་པའི་དཔེ་བཞིན་དུ།། བཙན་དབང་བཀོལ་བའི་གཅན་གཟན་དེ་དག་གིའང་།། ཡོན་ཏན་དག་ལ་ཡི་རངས་བྱེད་དོ་གསུངས།། ཞེས་པའི་རྡོ་སྦིས་དགེ་བཤེས་ཀྱི་གསུང་སོགས་ལས་ཤེས་པར་བྱ་དགོས། སློབ་སྦྱོང་གི་ནང་དོན་ནམ་སྦྱང་བྱ་ནི། ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་།། ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས།། ངང་པས་ཆུ་ལས་འོ་མ་ལེན་པ་ལྟར།། རང་གི་འདོད་པ་དང་དུ་བླང་བར་བྱ།། ཞེས་ཇོ་བོ་རྗེས་གསུངས་པ་དང་། སྲིད་པའི་ཕུན་ཚོགས་གཡོ་བ་གློག་གི་གར།། ལང་ཚོ་མི་སྡོད་རྒྱུགས་པ་རི་གཟར་ཆུ།། དེ་ལྟར་རྟོགས་ནས་བློ་གྲོས་ཆེན་པོ་འགས།། བདག་གིས་རིག་གནས་གང་ལ་སྦྱང་སྙམ་ན།། རིགས་ལམ་རྣམ་པར་ཕྱེད་པའི་རྣམ་དཔྱོད་དང་།། གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་།། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།། ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་།། འདི་ནི་ཤིན་ཏུ་དཀོན་ཞིང་འདོད་པ་འཇོ།། རྨད་དུ་བྱུང་བའི་དགའ་བ་རྒྱས་བྱེད་པའི།། རིན་པོ་ཆེ་ཞེས་མཁས་པ་རྣམས་ལ་གྲགས།། མཁས་པའི་ཡིད་འཕྲོག་རིན་ཆེན་གཞན་ཡོད་མིན།། ཞེས་རྗེ་ཙོང་ཁ་པས་གསུངས་པ་སོགས་ལ་གཞི་བཅོལ་ཏེ་ཤེས་པར་བྱ་དགོས། སྦྱང་བྱ་ལ་སྤྱིར་བཏང་གི་སྦྱང་བྱ་དང་བྱེ་བྲག་གི་སྦྱང་བྱ་གཉིས་ཡོད་པ་ལས་ཕྱི་མ་ནི་མི་རང་ཉིད་ཀྱི་དགའ་ཕྱོགས་དང་ཁྱད་ཆོས་ལ་བསྟུན་ཅི་ཐུབ་བྱས་ན་བཟང་སྙམ།  སློབ་སྦྱོང་གི་སྙིང་སྟོབས་ནི། མི་འོ་ཅོག་གི་ལུས་འདི་ནི།། བཀོལ་བར་བྱ་བ་ཉིད་དུ་ཟད།། ཅེས་པ་དང་། འདི་ལ་གླ་རྔན་བྱིན་ནས་ནི།། ད་ནི་རང་གི་དོན་བྱེད་ཆུག ། ཕན་པ་མེད་པར་འདི་ལ་ནི།། ཐམས་ཅད་སྦྱིན་པར་མི་བྱ་འོ།།ཞེས་རྒྱལ་སྲས་ཞི་བ་ལྷས་གསུངས་པ་དང་། རིག་པ་འདོད་ན་བདེ་བ་དོར།། བདེ་བ་འདོད་ན་རིག་པ་དོར།། བདེ་ལྡན་རིག་པ་ག་ལ་འགྲུབ།། རིག་པ་དོན་གཉེར་ག་ལ་སྐྱིད།ཅེས་པའི་སློབ་དཔོན་ཀླུ་སྒྲུབ་ཀྱི་ལེགས་བཤད་སོགས་ལ་བསླབས་ཏེ་ཤེས་པར་བྱ་དགོས་ལ། རང་ཉིད་ཀྱི་རྒྱུད་ལ་རྨད་དུ་བྱུང་བའི་སློབ་སྦྱོང་གི་སྙིང་སྟོབས་ཤིག་འཁྲུངས་པར་བྱ་དགོས། སློབ་སྦྱོང་གི་གོམས་སྲོལནི། སློབ་སྦྱོང་ལས་བྱུང་བའི་གོམས་སྲོལ་ཡག་ཤོས་རྣམས་ལ་གོ་དགོས། སློབ་སྦྱོང་གི་གྲུབ་འབྲས་ལེགས་མིན་ནི་སློབ་སྦྱོང་གི་གོམས་སྲོལ་ལེགས་མིན་གྱི་རྗེས་སུ་འགྲོ་ལྡོག་བྱེད་པ་རེད། དེ་ཡང་གོམས་སྲོལ་ལ་དུས་ཚོད་གཅེས་འཛིན་བྱེད་པའི་གོམས་སྲོལ་དང་། རང་སྟོབས་བསམ་གཞིག་གཏོང་བའི་གོམས་སྲོལ། སློབ་དང་འདྲི་བར་དགའ་བའི་གོམས་སྲོལ། མཐོང་ཐོས་མྱོང་གསུམ་ཐོར་འགོད་པའི་གོམས་སྲོལ། རང་འགུལ་སྔོན་སྦྱོང་བྱེད་པའི་གོམས་སྲོལ། གྱེར་འདོན་དང་བློར་འཛིན་པའི་གོམས་སྲོལ་སོགས་ཡོད། སློབ་སྦྱོང་གི་བྱེད་ཐབསནི། གཡུར་དུ་ཟ་བའི་སློབ་སྦྱོང་གི་འབྲས་བུ་སྐྱེད་བྱེད་ཀྱི་གྲོགས་གཅིག་པུར་ངེས། འདི་ལ་སྤྱི་དོན་བཟུང་ནས་ཚིག་དོན་ལ།། འཇུག་པར་བྱེད་པ་ཐབས་ཀྱི་མཆོག ། ཅེས་པ་དང་། བློ་ངོར་ཤེས་བྱའི་སྒྲོམ་གཞི་ནི།། བཟོས་ཏེ་ཤེས་བྱ་གསོག་པར་བྱེད།། ཅེས་པ། ད་དུང་། རང་གི་རྒྱུད་ལ་རྟོག་ཞོར་དུ།། སློབ་སྦྱོང་དང་ནི་ལག་ལེན་བྱེད།། ཅེས་པ་དང་། ཐོས་དང་བསམ་དང་སྒོམ་པ་གསུམ།། ཡོངས་ལ་གྲགས་པའི་བྱེད་ཐབས་ཡིན།། ཞེས་པ་སོགས་ཡོངས་ལ་གྲགས་ཤིང་རྒྱུགས་ཆེ་བ་མང་དུ་འདུག
དགེ་རྒན་ནི་སློབ་གསོ་སློབ་ཁྲིད་ཀྱི་ལས་དོན་གཉེར་མཁན་ཡིན་ཕྱིར། སློབ་ཁྲིད་རྩ་དོན་ཤེས་དགོས་པར་མ་ཟད། མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱ་དགོས། སློབ་ཁྲིད་རྩ་དོན་ནི་སློབ་ཁྲིད་ཀྱི་ཆོས་ཉིད་གཞིར་བཟུང་ནས་གཏན་ལ་ཕབ་པའི་སློབ་ཁྲིད་བྱ་བར་མཛུབ་སྟོན་བྱེད་པའི་རྩ་བའི་རིག་པ་ཞིག་རེད། སློབ་ཁྲིད་ལ་གྲུབ་འབྲས་ལེགས་པོ་ཞིག་ལོན་མིན་ནི་སློབ་ཁྲིད་རྩ་དོན་རྒྱུན་འཁྱོངས་ཡག་པོ་ཞིག་བྱས་མིན་གྱི་རྗེས་སུ་འགྲོ་ལྡོག་བྱེད་པ་རེད། དེའི་ཕྱིར། བརྡ་འཕྲིན་ཆ་ཚང་བའི་རྩ་དོན་དང་། མཛེས་འཛིན་གྱི་རྩ་དོན། ལག་ལེན་རང་བཞིན་གྱི་རྩ་དོན། གསར་གཏོད་རང་བཞིན་གྱི་རྩ་དོན་སོགས་བདག་ཏུ་འཛིན་པ་ཤིན་ཏུ་གལ་ཆེའོ།།
དགེ་རྒན་རྣམས་སློབ་ཁྲིད་རྩ་དོན་གྱི་མཛུབ་སྟོན་ལ་བརྟེན་ནས་སློབ་ཁྲིད་ཀྱི་སྦྱོར་དངོས་རྗེས་གསུམ་ལ་ཞུགས་དགོས་ཤིང་རང་ཉིད་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྲིད་སྲོལ་ཞིག་ཀྱང་ཆགས་པར་བྱ་དགོས། སྦྱོར་བའི་སྐབས་སུ་དགེ་རྒན་གྱིས་འཁྲིད་གཞི་བཟོ་བ་སོགས་སློབ་ཁྲིད་གྲ་སྒྲིག་བྱ་དགོས་ལ།  སློབ་མ་རྣམས་ཀྱིས་དགེ་རྒན་གྱིས་སློབ་མའི་ཆུ་ཚད་དང་དུས་ཚོད་ལ་དམིགས་ཏེ་བཀོད་སྒྲིག་བྱས་པའི་སྔོན་སྦྱོང་གི་ལས་བྱ་སྒྲུབ་དགོས། དངོས་གཞིའི་སྐབས་སུ་སློབ་ཁྲིད་རྩ་དོན་རྒྱུན་འཁྱོངས་དང་། སློབ་ཁྲིད་འཆར་གཞི་ལག་བསྟར། སློབ་ཁྲིད་བྱེད་ཐབས་བེད་སྤྱོད་བྱས་ཏེ་སློབ་ཁྲིད་འགན་ཁུར་ལེགས་འགྲུབ་ཡོང་བར་བྱ་དགོས། རྗེས་སམ་མཇུག་གི་སྐབས་སུ་ཉན་བཤད་འབྲི་ཀློག་དང་བློར་འཛིན་པ་དང་ལྟ་བ་སོགས་ཀྱི་ཐད་ནས་སློབ་མར་ཕན་ངེས་ཀྱི་ལས་བྱ་བཀོད་སྒྲིག་བྱེད་པ་དང་དུས་ལྟར་ཞིབ་བཤེར་གང་འཚམ་བྱ་དགོས།
སློབ་ཁྲིད་ཀྱི་དངོས་གཞིའི་སྐབས་སུ་དགེ་རྒན་རྣམ་པས་འཆད་ཐབས་ཏེ་སློབ་ཁྲིད་བྱེད་ཐབས་སྣ་མང་གང་འཚམ་གྱིས་བེད་སྤྱོད་གཏོང་དགོས། ང་ཚོ་བོད་ལ་གཞན་ལ་མེད་པའི་འཆད་ཐབས་སྣ་མང་མཆིས་ཏེ། ཚིག་དོན་ངེས་པའི་ཡན་ལག་ཏུ་ངག་དོན་འགོད་པ། གནད་དོན་ངེས་པའི་ཡན་ལག་ཏུ་སྤྱི་དོན་བཤད་པ། རྩོད་པ་འཕེལ་བའི་ཡན་ལག་ཏུ་མཐའ་དཔྱོད་སྤྲོ་བ་སྟེ་འཆད་ཐབས་ཡན་ལག་གསུམ་ལྡན་དང་། སྤྱི་དོན་ཚངས་ཐིག་གི་སྒོ་ནས་ཁོག་ཕུབ། རྩ་འགྲེལ་ཞིབ་སྦྲགས་ཀྱི་ཁྲིད་ཀྱིས་གཞུང་བཟུང་། མཐའ་དཔྱོད་བརྒལ་ལན་གྱི་སྒོ་ནས་མཐའ་བཅད་པ་སྟེ་ཉི་ཟླ་སྐར་གསུམ་གྱི་འཆད་ཐབས། ཞུམ་ལ་གཟེངས་བསྟོད་རྒོད་པ་ལ།། འཁོར་བའི་ཉེས་དམིགས་ལེགས་པར་བཤད།། རྨུགས་པ་རྣམས་ལ་ངོ་མཚར་གྱི།། གཏམ་བཤད་ནས་ནི་ཉན་དུ་གཞུག །ཅེས་པའི་ཞུམ་རྒོད་རྨུགས་གསུམ་སེལ་བའི་འཆད་ཐབས་དང་། བློ་ཅན་རྣམས་ལ་ཟབ་རྒྱ་ཆེ།། བློ་ཆུང་གཟུང་བདེ་གོ་སླ་བ།། ཕྱིས་ནས་ཚིག་དོན་འབྲེལ་ཆགས་ནས།། དོན་ཕྲ་འགལ་འབྲེལ་དཔྱད་ཅིང་བཤད།། ཅེས་པའི་གང་འཚམ་གྱི་འཆད་ཐབས་དང་། གཞན་ད་དུང་བཀྲ་ཤིས་རྟགས་བརྒྱད་ཀྱི་འཆད་ཐབས་དང་། ཡན་ལག་ལྔའི་འཆད་ཐབས། འཆད་ཐབས་ལུགས་གཉིས་མ། རྩིས་མགོ་རྣམ་པ་ལྔའི་འཆད་ཐབས། སེང་གེ་མཇིང་བསྣོལ་གྱི་འཆད་ཐབས། སེང་སྦལ་སྟག་སོགས་ཀྱི་འཆད་ཐབས། དགོས་སོགས་ཆོས་བཞིའི་འཆད་ཐབས། འཆད་ཐབས་རྣམ་བཞི། དག་པ་གསུམ་ལྡན་གྱི་འཆད་ཐབས། ཆེ་བ་བཞི་ལྡན་གྱི་འཆད་ཐབས། ཐོས་བསམ་སྒོམ་གསུམ་གྱི་འཆད་ཐབས། སྙན་པར་སྨྲ་བའི་འཆད་ཐབས་སོགས་ཧ་ཅང་མང་པོ་ཞིག་ཡོད། ང་ཚོ་དགེ་རྒན་རྣམ་པས་བོད་རང་གི་ཐུན་མོང་མ་ཡིན་པའི་འཆད་ཐབས་དག་ལག་ལེན་དངོས་ཀྱི་ཁྲོད་ནས་བསླབས་ཏེ་བདག་གིར་འཛིན་དགོས་པར་མ་ཟད། དེང་དུས་སུ་དར་བའི་མཉམ་ཞུགས་ཀྱི་འཆད་ཐབས་དང་སྙིང་ཁྲིད། དྲི་བའི་འཆད་ཐབས། ཀློག་དཔྱད་སྦྱོང་ཁྲིད་དེ་འཆད་ཐབས་ཡིག་བཞི་མ། འཁྱོག་བཤད་ཀྱི་འཆད་ཐབས། ལྐོག་བརྡའི་འཆད་ཐབས་སོགས་ལས་ཀྱང་ལེགས་པའི་ཆ་ཡོད་ན་ལག་ཆར་ལེན་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བ་ཞིག་རེད།  
གོང་དུ་སྨྲས་པ་ནང་བཞིན་ང་ཚོས་འབད་པ་ཆེན་པོས་རང་ཉིད་དང་རང་ཉིད་ཀྱི་བྱ་བ་ཚད་ལྡན་གྱི་ཕྱོགས་སུ་བགྲོད་པར་བྱས་ན་ང་ཚོའི་སློབ་གསོ་འདི་འཕེལ་རྒྱས་སུ་མི་འགྲོ་བ་མི་སྲིད་ལ། ང་ཚོའི་རིག་གནས་དང་འཚོ་བ་འདི་ཉིན་རེ་ལས་ཉིན་རེ་བཞིན་གོང་འཕེལ་དུ་མི་འགྲོ་བ་ཡང་མི་སྲིད།
པར་ལྡན་འོས་སྦྱོར།
རྡེབ་ཚད་མང་ཤོས།