中  文
ངའི་སེམས་པ་མི་སྐྱོ་རང་སྐྱོ་རེད།
སྤེལ་དུས།  2012-04-13 16:51:25    རྡེབ་ཚད། 

 

ངའི་སེམས་པ་མི་སྐྱོ་རང་སྐྱོ་རེད།
                                         དམའ་གཉིས་འཛིན་གཉིས། སྐལ་བཟང་བཀྲ་ཤིས།
   ང་དང་ཕུ་བོ་གཉིས་ཀྱིས་ཆུང་དུས་ནས་དབུལ་ཁྱིམ་ཞིག་གི་ཧ་ཅང་ཐབས་རྡུགས་ཀྱི་འཚོ་བ་རོལ་བཞིན་ནར་སོན་པ་ཡིན། ངའི་ཕ་ཡུལ་ནི་ཕྱུགས་ལས་ཁོ་ན་སྤེལ་བ་ དང་རྩྭ་ས་དེ་འདྲ་བཟང་རྒྱུ་མེད་པའི་ས་ཆ་ཞིག་ཏུ་ཆགས་ཡོད་པས་སྡེ་ཁྱིམ་ཚང་མ་ཧ་ཅང་དབུལ་བོ་ཡིན་པ་དང་། ལྷག་པར་ངེད་ཚང་ལྟ་བུར་ཕྱུགས་ཟོག་ཉུང་ཞིང་ཁྱིམ་དུ་རྒྱལ་ཁབ་ཀྱི་ལས་བྱེད་པའང་གཅིག་ཀྱང་མེད་པས་དེ་བས་གཞན་ལས་ཧ་ཅང་   ཉམ་ཆུང་བའི་སྣང་བ་སྟེར། རྒྱུ་མཚན་ནི་སྤྱི་ཚོགས་གང་འདྲ་ཞིག་དང་གནས་བབས་གང་འདྲ་ཞིག་གི་འོག་ཏུའང་། ཀུན་གྱིས་མཐོང་ཆུང་དང་དམའ་འབེབས་བྱེད་པ་ནི་ཁྱིམ་ཚང་དེ་དག་གི་མི་ཡིན་པའི་ཕྱིར། དེའི་རྐྱེན། གནས་ཚུལ་དེ་དག་གིས་དུས་རྒྱུན་ཁོ་བོའི་སེམས་སྐྱ་མོ་སྡུག་གི་ཐང་ལ་བསྐྱུར་ཞིང་། སྙིང་ཆུང་ཆུང་ཚ་བའི་ཟངས་པར་ འཕངས་པ་དང་ཅིས་མི་འདྲ།
རེད་དེ། འདས་ཟིན་པའི་དོན་དག་ཡིན་ནའང་འདྲ། འབྱུང་བཞིན་པའི་དོན་ དག་ཡིན་ནའང་འདྲ། དེ་དག་ལ་ཞིབ་འདང་ཞིག་བརྒྱབ་ན་ཀྱ་ཀྱུ་དང་འབའ་འབུར་གྱི་འཚོ་བའི་འགྲིམ་ལམ་འདི་ནས་ངའི་ན་ཆུང་གི་མི་ཚེ་འདི་སྐམ་ལ་ཉེ་བའི་ལྗང་མྱུག་ཇི་བཞིན་མྱུར་དུ་ཐང་ཆད་ལ་ཉེ་འདུག ངེས་ངེས། ཁོ་བོའང་མ་འོངས་པའི་མཛེས་སྡུག་གི་མདུན་ལྗོངས་ལ་རེ་སྨོན་དང་འཚོལ་སྙེག་བྱེད་མཁན་ཞིག་ཡིན་པའི་ཆ་ནས་ ད་གཟོད་དྲང་བདེན་མ་ཡིན་པའི་དོན་དག་དེ་དག་ལ་མཉམ་འཇོག་མི་བྱེད་རང་   བྱེད་དུ་གྱུར་བ་མ་གཏོགས། དྲན་པའི་གཞུ་མོ་ནང་དུ་བཀུག་སྟེ་བསམ་པའི་མདའ་ མོ་ཐོད་ལ་གཏད་ན་སུ་ཞིག་གིས་ཞུ་ས་མེད་པའི་སྙིང་གཏམ་འདི་དག་སྔོན་ནས་ལམ་འགྲམ་གྱི་གད་སྙིགས་ཁྲོད་འཕངས་མེད་པ་ལ་ཨང་། ཡིན་ཡང་། བཟོད་ཐབས་མེད་པའི་ན་ཟུག་དེ་དག་གིས་དེ་ལྟར་ངའི་སྙིང་གར་བཅོས་ཐབས་མེད་པའི་རྨ་ཁ་བཟོས་ཟིན་པས། ཁོ་བོའི་ཁ་ནས་མ་བཟོད་རྣག་ཁྲག་སྐྱུགས་པ་བཞིན་དུ་དོན་འདི་དག་མི་ གླེང་རང་དབང་མི་འདུག
 དྲང་མོར་སྨྲས་ན་སློབ་ཆུང་དུས་སུ་ང་ལ་ཀུན་དགའ་ཟེར་བའི་སློབ་གྲོགས་ཤིག་ཡོད། ཁོས་དུས་རྒྱུན་སློབ་གྲྭ་དང་འཛིན་གྲྭའི་སྒྲིག་ལམ་མི་བརྩི་བ་མ་ཟད་སློབ་སྦྱོང་ ལའང་དེ་འདྲ་བཟང་རྒྱུ་མེད་ལ། ལྷག་པར་སློབ་གྲོགས་ཉམ་ཆུང་སྐོར་ཞིག་ལ་རྟག་ཏུ་བརྙས་བཅོས་བྱེད་ནའང་། ཁོའི་ཕ་མ་གཉིས་ཀྱིས་རྫོང་ལས་ཁུངས་ནས་བྱ་བ་སྒྲུབ་བཞིན་ཡོད་པས ངེད་སློབ་གྲྭའི་དགེ་རྒན་ཚོས་ཁོ་མཐོང་མ་ཐག“ཀུན་ དགའ། ཨེ་གྲང་གི། ཨེ་ལྟོགས་གི། དོན་དག་ཡོད་ན་དགེ་རྒན་ལ་ཤོད་ཨ། ”ཞེས་བརྩེ་བས་བྱམས་སྐྱོང་བྱེད་པས་ཁོ་དེ་བས་ང་རྒྱལ་སྐྱེ་ཡི་ཡོད་ལ། སློབ་མ་ཚོས་ཀྱང་ཀུན་དགའ་མཐོང་ མ་ཐག“ཀུན་དགའ། རྩེ་རུ་འགྲོ”ཞེས་ཁོ་ལ་ཁ་ཡག་དང་ངོ་དགའ་བྱེད་ཅིང་གྲོགས་ མཆོག་ཟེར་ཞིང་དུངས་བ་ཟབ། ངས་ཤེས་ཏེ་ཁོ་ཚོས་ཀུན་དགའ་ལ་དེ་ལྟར་ཁ་ཡག་ངོ་དགའ་བྱེད་དོན་ནི་ཁོའི་རྒྱབ་ཀྱི་དབང་དང་རྒྱུ་ནོར་ལ་འཇིག་ཅིང་ཆགས་པ་ཡིན་ནའང་། བྱེད་སྟངས་དེ་ཡིས་ངའི་སེམས་ལ་སྨྲ་མི་ཤེས་པའི་སྐྱོ་བ་ཆེན་པོ་ཞིག་སྟེར་   བཞིན་ཡོད་དེ། རྒྱུ་མཚན་ནི་ང་ལ་མཚོན་ན་དུས་རྒྱུན་ཁོ་ལས་ཡ་རབས་ལ་འབད་པ་ དང་། སྦྱངས་འབྲས་ཀྱང་ཁོ་ལས་ལྡབ་འགྱུར་གྱིས་ལེགས་ནའང་དེ་ལས་ལྡོག་སྟེ་   བྱམས་སྐྱོང་དང་གྲོགས་པོ་སྒྲིག་མཁན་ཧ་ཅང་ཉུང་བ་མ་ཟད། ད་དུང་འཛིན་གྲྭའི་ དོན་དག་དཀའ་མོ་གང་ཞིག་ཀྱང་ངའི་སྟེང་དུ་འབབ་བཞིན་ཡོད། འདི་ནི་ཅིའི་དོན་ཡིན་ནམ། དོན་ངོ་མས་སུ་ཞིག་ནོར་བ་ཡིན་ནམ། ང་ནོར་བ་ཡིན་ནམ་ཁོ་ནོར་བ་ཡིན།   ཡང་ན་དགེ་རྒན་ཚོ་ནོར་བ་ཡིན། ང་དུས་རྒྱུན་གྱི་རྟོགས་དཀའ་བའི་བགྲོད་སྲོལ་ཁྲོད་ནས་འགོ་ཡོམ་འཁོར་དུ་བཅུག་ལ།    གདམ་མི་ཤེས་པའི་མདུན་ལམ་ཁྲོད་ནས་མིག་རིབ་ཏུ་བཅུག དོན་ངོ་མས་ང་ཇི་ལྟར་བགྲོད་དགོས། ངས་ནམ་ཡང་སྐྱོ་བསྔལ་གྱི་མིག་ཆུ་འབྱིད་བཞིན་སླུད་བྲིད་མེད་པའི་དམ་པའི་གསུངས་དབྱངས་ལ་ཉན་ཞིང་ཁེར་ རྐྱང་དུ་འཚོ་རུ་བཅུག འདི་ནི་ང་མིག་སྔར་འཚོ་ཐུབ་པའི་རྒྱུ་མཚན་གཙོ་བོའང་ཡིན་ན་ཐང་། དོན་ཞིག་ད་དུང་ཁྱེད་ཚོར་མི་གླེང་ག་མེད་རེད།   བདག་གི་ཕུ་བོ་ནི་ན་ནིང་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་པ་ཞིག་ཡིན། ཤེས་ཚུལ་ལྟར་ན་ཁོའི་རྒྱུགས་འབྲས་ཕུལ་ དུ་བྱུང་ཞིང་ཀུན་སྤྱོད་ཀྱང་ཤིན་ཏུ་ལེགས་པ་ཞིག་རེད། ཉེ་སྔོན་དགེ་རྒན་བསྡུ་དུས་ ཀྱང་རྒྱུགས་འབྲས་ཆེས་མཐོ་ཤོས་རེད་ཟེར་མོད། འོན་ཀྱང་སློབ་ཁྲིད་ཉན་པའི་གོ་ རིམ་ཁྲོད་གཞི་ནས་ཡོན་ཏན་མེད་པ་འགའི་རྗེས་སུ་ལུས་ཏེ་རྒྱུགས་མ་འཕྲོད་པར་   ཕལ་ཆེར་ལོ་གཅིག་འདས། ཡིན་ཡང་ཁོ་ལ་བཟོ་གྲྭ་ཆེན་མོ་ཞིག་གི་སྦྱིན་བདག་གི་བུ་ཡིན་པའི་སློབ་གྲོགས་ཤིག་ཡོད་པ་དེ་ཕྱོགས་གང་འཐད་ནས་ཞན་ནའང་། སློབ་   མཐར་ཕྱིན་མ་ཐག་བྱ་བ་བགོས་ཟེར་བ་མ་ཟད། ད་དུང་རྗོང་གི་ལས་ཁུངས་མཐོ་ཤོས་ཤིག་གི་དཔོན་ཆུང་གི་གོ་གནས་ཞིག་ཀྱང་གནང་འདུག་ཟེར། དེ་ནི་ཅིའི་དོན་ཡིན་ ནམ། ན་ཆུང་ངས་ངོ་མས་ཧ་མི་གོ། དངོས་གནས་མུན་ནག་མ་ཡིན་པའི་མུན་ནག་གི་འཚོ་བ་འདི་ནམ་ཞིག་ལ་མཇུག་སྒྲིལ་ལམ། ཡང་ན། ནམ་ཞིག་གློ་བུར་སྤྱན་རས་ གཟིགས་གསོན་པོ་ཞིག་འོངས་ནས་ང་ཚོར་ཡང་ལྕི་མེད་པའི་ལམ་སྣ་ཞིག་འདྲེན་སྲིད་ཨང་།
དྲང་མོར་སྨྲས་ན་ང་འདི་ལྟར་འཚོ་མི་འདོད། ང་འདི་ལྟར་དྲང་བདེན་མིན་པའི་ཁོར་ཡུག་འདིར་འཚོ་མི་འདོད། རྒྱུ་མཚན་ནི། ང་ཚོའི་ཁོར་ཡུག་འདིའི་ཁྲོད་ན་ཡོད་ཚད་ཀྱིས་རྒྱུ་དང་དབང་ཐང་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པས། ང་དང་ ང་ལྟ་བུའི་དབུལ་ཕོངས་ཀྱི་བྱིས་པ་རྣམས་ནི་གང་ཞིག་ཏུ་འཚང་ཨང་།
ཀྱེ་ཀྱེ། ང་ཚོར་དྲང་བདེན་གྱི་ལམ་སྣ་འདྲེན་པའི་དུས་རབས་ཀྱི་བདག་པོ་ལགས།   ཁྱེད་རང་གང་དུ་བཞུགས། ཁྱེད་རང་གང་དུ་ཕེབས། ཤར་ན་ཡོད་དམ་ནུབ་ཏུ་ཡོད། ལྷོ་རུ་བཞུགས་སམ་བྱང་དུ་ཕེབས། ཁོ་བོས་ནམ་ཡང་མི་སྐྱོ་རང་སྐྱོ་ཡིན་པའི་སེམས་པ་ཆུང་ཆུང་འདི་ཁོང་དུ་རུམ་ནས་ཁྱེད་ལ་རེ་སྒུག་ཞུ་བཞིན་པ་མི་མཁྱེན་པ་ཡིན་ནམ།