中  文
ཕ་ཁྱིམ་ནས་ཤོར་བའི་སེམས་གཞས།
སྤེལ་དུས།  2013-03-18 13:51:20    རྡེབ་ཚད། 

ཕ་ཁྱིམ་ནས་ཤོར་བའི་སེམས་གཞས།

                                —— ཁྲི་སྐལ་བཀྲ།
ཐུ་བྷོད་ཅེས་གྲགས་སྙན་པ་རོལ་བའི་གསོང་ཚིག་འགྲོས་ཀྱིས་ལྷུ་རྐང་བསྒྲིགས་པའི་གཏམ་རྒྱུད་སྐྱུགས། །
གདོད་མའི་ཁུག་ཀྱོག་གསེར་གྱི་འཁོར་ལོའི་ཤུགས་ཀྱིས་བསྐྱངས་ཏེ་མི་ལོ་སྟོང་གི་གཞིས་ཁྱིམ་དཀྲོགས།།
ས་ཆེན་ཕྲག་པ་འོད་ཀྱིས་བསྒྲུབས་པའི་རུས་ཆེན་བཞི་ལས་ཚ་ཆེན་བཅོ་བརྒྱད་རྒྱུད་དུ་གྲོལ།།
ཕ་ཤུལ་མ་སྟོང་གདོང་དམར་བ་ཡིས་སེམས་སུ་བཏེགས་པའི་ལོ་རྒྱུས་ཤོག་ལྷེ་གྲངས་མེད་ཅིག།
 
འགྱུར་མེད་རང་གཤིས་ལས་ཀྱིས་བསྐུལ་ཞིང་སྐེས་ཐེམ་རེ་ལ་རྒྱལ་རབས་ཤིག་གི་རྨུ་ཐག་འཁྱུད།།
རྨ་འབྲི་ཆུ་བོ་སྟོབས་ཀྱིས་བསྐྱེད་དེ་ལུང་གསུམ་མདོ་རུ་རུས་རྒྱུད་ཅིག་གི་སྲོག་རྩ་འཕར།།
བརྩེ་མདུད་ཆིངས་རྒྱས་དམ་གྱིས་བསྡམས་པའི་བཙན་བརྩིགས་མཁར་ན་རྔ་ཆེན་སྐད་ཀྱི་བྲག་ཅ་འཁོར།།                
གཡང་རྟེན་བཅུད་ཀྱི་ལང་ཚོ་སྨིན་པའི་ཆོལ་གསུམ་ཡུལ་གྱི་ཕ་མཁར་སྨུག་པོ་བརྗིད་ཡེར་ཞིག།
 
ཕུ་ཡི་འབྲོག་རིར་གངས་རྡུལ་མ་ཆགས་གཡང་བཞིའི་ཕྱུགས་ར་ལ་དངལུང་ན་འཆམ་མེར་བརྡལ།།
མདའ་ཡི་རོང་ཞིང་གྲུ་བཞི་ཕྱུག་མོར་འབྲུ་སྣ་འཛོམས་ཏེ་མཛོད་ཀྱི་བང་ཁ་ལྟེམས་སེ་ལྟེམས།།
བར་གྱི་འདྲེས་ཐང་མར་ཁུ་བླུག་འདྲར་རྟ་མཆོག་བྱེར་བའི་རྨིག་བཞིའི་སྡེབ་སྒྲ་ཐག་གེར་རྒོད།།
ཞོགས་པའི་འཁྱག་ཆུ་སྐྱོགས་ཀྱིས་བཅུས་ཏེ་ལས་བརྩོན་རྔུལ་ཆུ་ས་རུ་ཟགས་པའི་གཞིས་ཁྱིམ་ཞིག །
 
རི་སྐྱེས་སྣ་ཚོགས་ཐབས་ཀྱིས་གདལ་ཏེ་བག་ཡངས་རྒྱུ་བའི་སྒོ་ཕྱུགས་ས་ཆེན་ཁུད་ལ་གཏོར།།
གར་སྒྱུར་གཤོག་ཐོགས་མཁའ་རུ་ལྡིང་བའི་མནོ་བསམ་ཀློང་ན་གངས་རླུང་འཚུབ་མ་རྒྱང་དུ་བདས།།
རྩྭ་དང་རྩི་ཤིང་བསྣོལ་མར་འཁྱིལ་བའི་སྒེག་ཉམས་སྟོང་གིས་ཁེངས་འཕྲོག་ཤུགས་གླུ་བར་མེད་སྒྲོགས།།
དགུང་སྔོན་གུར་ལ་ཕུབ་པའི་སྐད་ཀྱིས་ཁ་བ་ཅན་ཞེས་སེམས་ཀྱིས་གསོས་པའི་ཐ་སྙད་ཅིག །
 
སྐྱེ་རི་ལྷ་དང་མཚོ་བདག་ཀླུ་ཞེས་སྔོན་བྱུང་གཏམ་ལ་ངོ་མཚར་སྐེག་ཚོས་བསུབས་མེད་བྱུགས།
རང་བྱུང་གཏེར་གྱི་ཆུ་མིག་བརྡོལ་བར་ལྷ་རྩིས་ལུང་ལ་གསང་རྒྱ་དམ་པ་འཕྲུལ་གྱིས་ཁེངས།།
གཙུག་ལག་ར་བ་ཁང་ཁྱིམ་བཅས་ཀྱི་རྨང་རྩིག་གསར་བར་བློ་གྲོས་འཇོན་པོས་ཕྲ་ལྟར་བརྒྱན།།
རྟ་ཕོའི་རྨིག་གིས་བྲང་ཁོག་བརྡུངས་ཏེ་དཔའ་སྐད་གཤེགས་པའི་རྟོགས་བརྗོད་དབྱར་གྱི་རྔ་སྒྲ་ཞིག།
 
མེས་པོའི་ཞལ་རས་འཛུམ་གྱིས་མཆོད་ནས་ཡིད་སེམས་སྟོབས་ཀྱིས་ཨ་ལོང་ཡང་ལོང་གཅིག་ཏུ་སྒྲིལ།།
ཞི་མཐུན་དར་ལྕོག་རི་རྩེར་བརྩེངས་ཤིང་དགེ་སྦྱོར་བསང་དུད་སྦྲ་ནག་ཀླད་ན་ལྷོད་ཀྱིས་འཕྱུར།།
རྡུལ་གྱིས་མ་བཀྲུས་ཁངས་སྐྱའི་ནང་ན་གླུ་སྐད་སྐྱུགས་པའི་ཕ་ཁུའི་གཟི་ཉམས་ཤེད་ཀྱིས་ངོམས།། 
སྨོན་འདུན་ཁྲི་ཕྲག་ལོགས་སུ་ཉར་བའི་རླུང་རྟ་སྡེ་བཞི་མཐོངས་སུ་བསྐྱོད་པའི་ང་རྒྱལ་ཞིག །
 
ཆོས་བརྩིགས་བྲག་རི་འགྱུར་མེད་སྣང་ཞིང་ཕྱི་མ་གཞུང་དྲུག་རྣམ་དཔྱོད་རྩལ་གྱིས་ཤུབ་མེད་རྗོད།།
བླ་སློབ་དཔོན་ཚོའི་ཕྱག་སྨྱུག་རྩེ་ནས་འཆད་རྩོད་རྩོམ་གྱིས་ཉི་ཟླ་འདེད་པའི་རྣམ་ཐར་བསྐྱངས།།
ཕྱི་རབས་བུ་ལོའི་རྒྱང་མིག་རྣོན་པོར་ཟུངས་ཁྲག་བླུད་པའི་དྲི་ངད་རླངས་པ་ཕྱོགས་བཅུར་ལྡང་།།
བསུབས་མེད་རྐང་རྗེས་གངས་དང་རི་ལ་ཐར་ཐོར་འཐེན་ཏེ་ལུང་ན་ཆགས་པའི་དགོན་གྲོང་ཞིག།།
 
གངས་ལ་བསྒྲོན་པའི་སེམས་གཞས་ཕྲ་མོ་ཉམས་མེད་དུངས་བའི་གཙང་ཆབ་སྔོན་མོའི་གཞུང་ལ་བཏབ།།
གླུ་དང་བྲོ་གར་མཚམས་མེད་རྩེན་གྱིན་ལོ་ཟླའི་ཁྲོད་ན་སྐྱིད་སྡུག་རྨི་ལམ་ཁད་ཀྱིས་དཀྲོགས།།
མཛངས་བའི་རྟགས་སུ་སུམ་ཉིས་ས་ཆེན་ཐོལ་གྱིས་གཤགས་ཞེས་གདུང་རྒྱུད་འཛིན་པའི་ཚེ་སྲོག་བསྲིངས།།
ད་ནི་མེས་པོའི་ཤུལ་རྟེན་སྐྱོར་ཏེ་རྒན་མོ་གསེར་ཁུར་ངལ་གྱིས་དུབ་པའི་དུས་ཀྱི་འཛུམ་མདངས་ཤིག།།
 
སྨུག་ལོང་འཁྱིལ་བའི་ལབ་ཙེ་སྒང་ན་ཚི་དྲེག་འགོས་པའི་འགྱུར་མེད་རྨུ་ཐག་རྐེད་ལ་འཐེན།།
རྒྱང་དུ་ཕྱོགས་པའི་ཕོ་རྒོད་ཅིག་གི་མིག་ཟུང་རྣོན་པོས་ས་ཆེན་དངངས་བའི་ལས་སྐལ་འདི།།
ཁོ་བོའི་བསླེས་པའི་སེམས་ཁྲལ་མདུད་པ་འདར་འདར་ཕྱག་གིས་སྨྱུག་རྩེར་ཕབ་ཏེ་གྲོལ་ནའང་།།
ཟློས་མེད་དྲན་པའི་རྡོ་རིང་ངོས་ལ་མི་འཇིགས་ཚིག་རིས་སྙིང་གི་རུས་ལ་ཧད་ཀྱིས་བརྐོས།།