中  文
ཕ་ཡུལ་དྲན་གླུ།
སྤེལ་དུས།  2013-03-16 14:06:59    རྡེབ་ཚད། 

ཕ་ཡུལ་དྲན་གླུ།

ཁྲི་སྐལ་བཀྲ།
མཛེས་པའི་ཕ་ཡུལ་མིག་གི་བདུད་རྩི་རུ་འཁྱིལ་དུས།།
ཐང་སྨུག་སྦྲ་ཆུང་སེམས་ཀྱི་མེ་ལོང་དུ་འཐིམ་སོང་།།
རྩྭ་ཐང་ཡངས་པོ་སྐར་མའི་མལ་སྟན་དུ་རོལ་བའི།།
རྫི་གླུའི་འགྱུར་ཁུག་ཁྱབ་སའི་ཕ་ཡུལ་དེ་དྲན་བྱུང་།
 
རི་ཆུ་སྟོང་ཕྲག་བརྒལ་བའི་ལྷོ་མཚམས་སུ་བལྟས་ཚེ།།
ཨ་མའི་མཆོད་བསང་ཕུད་པའི་དུད་སྤྲིན་རེ་མཐོང་སོང་།།
ལ་མགོའི་ཉི་ཟེར་སློག་པའི་དྲོད་ཁོལ་དུ་མྱངས་པའི།།
དུས་བཞིའི་འཚེར་འཛིན་སྤོར་སའི་ཕ་ཡུལ་དེ་དྲན་བྱུང་།།
 
བོད་སྐད་བརྙན་འཕྲིན་ལན་བརྒྱར་མཐོང་དུ་ལམ་དུ་ཟིན་དུས།།
རྨ་འབྲིའི་བཞུར་རྒྱུན་ཕ་ལོའི་ངག་རྒྱུན་དང་འདྲེས་སོང་།།
རྟ་ནོར་ལུག་གསུམ་ཕྱཱ་གཡང་རྟེན་འབྲེལ་དུ་གསོལ་བའི།།
ས་མཐོའི་གཞིས་ཁྱིམ་ཆགས་སའི་ཕ་ཡུལ་དེ་དྲན་བྱུང་།།
 
སྣ་ཚོགས་དྲིན་དུ་རྟོགས་པའི་ཕྱག་རྩོམ་རེ་བཀླགས་ཚེ།།
ཤུལ་བཞག་རིག་དངོས་རེ་རེ་མིག་མདུན་དུ་བཀྲམ་སོང་།།
གེ་སར་སྒྲུང་གླུ་གྱེར་ནས་འཚར་ལོངས་སུ་བྱུང་བའི།།
རྟ་རྒྱུགས་དུས་ཆེན་གཏོང་བའི་ཕ་ཡུལ་དེ་དྲན་བྱུང་།།
 
བཅུ་ཕྲག་རིག་པའི་གནས་ཀྱི་གླིང་ཀ་རེར་མཆིས་དུས།།
ཐོན་མི་ཨ་ནུའི་ཤེས་རིག་གླིང་ལྔ་རུ་ཁྱབ་སོང་།།
ཀ་མད་སུམ་ཅུ་གངས་ཀྱི་འདབས་རོལ་ནས་གྱེར་བའི།།
ལུ་གུའི་རྩེད་ཡ་མྱངས་སའི་ཕ་ཡུལ་དེ་དྲན་བྱུང་།།
 
པུར་རྩེ་ཤོག་བུར་ཆགས་ཏེ་ཚོར་སྣང་རེ་ལབ་དུས།།
ཡིག་འབྲུའི་མིག་ཆུ་རེ་རེ་འཁུར་སྟེང་དུ་ལྷུང་སོང་།།
སེམས་གཏམ་ཕྲ་མོ་རྫ་ཆུའི་བཞུར་སྒྲ་དང་འགྲོགས་པའི༎
གངས་རྒྱན་ན་ཆུང་འཁྲུངས་སའི་ཕ་ཡུལ་དེ་དྲན་བྱུང་།།