中  文
དགེ་རྒན། དུས་རབས་འདིའི་བདག་པོ།
སྤེལ་དུས།  2013-03-16 14:09:34    རྡེབ་ཚད། 

དགེ་རྒན། དུས་རབས་འདིའི་བདག་པོ།

 བརྒྱད་གསུམ། བསོད་ནམས་རྡོ་རྗེ།
 ལོ་ཟླའི་འགྲོས་དང་བསྟུན་ནས་མཐོང་ཐོས་མྱོང་གསུམ་གྱི་དོན་དག་མང་པོ་ཞིག་རིམ་གྱིས་བརྗེད་ངེས་ཀྱི་རྐུན་པོས་ཁྱེར་ཚར། ཡིན་ནའང་། དྲན་པའི་བརྩིགས་ངོས་སུ་རྡོ་ལ་རིམ་མོ་བརྐོས་པ་ཇི་བཞིན་ད་དུང་ཁྲ་ལམ་མེར་གསལ་བ་ནི་ངའི་བྱིས་བློ་ཡི་སྦྲང་ཆུང་འཕུར་སའི་སློབ་ཆུང་སྐབས་ཀྱི་རྒན་འབྲུག་མོ་ལགས་རེད།
 རྟ་བདུན་དབང་བོའི་འོད་ཟེར་དབྱིག་འཛིན་སྒེག་མོའི་ཕང་བ་རུ་འཕྲོས་ཚེ། སློབ་རའི་གྲུ་ཟུར་རེ་རེར་ང་ཚོའི་དཔེ་ཀློག་གི་དབྱངས་རྟ་ཁྱབ་ཡོད་དེ། རྒན་འབྲུག་མོ་ནི་ནམ་རྒྱུན་ང་ཚོ་དང་མཉམ་དུ་བསྡད་ཡོད་པ་ནི་གདོན་མི་ཟའོ།།
དགེ་རྒན་ལགས། ཁྱེད་ནི་ངའི་བྱིས་དུས་ཀྱི་རྨི་ལམ་ལ་རེ་འདོད་ཀྱི་མྱུ་གུ་འབུས་སའི་ཞིང་ས་གཤིན་པོ་དེ་དང་། ང་ཚོའི་འབྱུང་འགྱུར་གྱི་ལམ་ཆེན་ལ་གསེར་མདོག་གི་སྐྱ་རེངས་བྱུག་མཁན་གྱི་ཉི་མ་སེར་པོ། ངའི་རྨོངས་མུན་གྱི་མུན་པའི་ཁྲོད་ན་ཆེས་བཀྲག་ཏུ་འཚེར་བའི་མར་མེ་ཚེ་འབར་དེ་མ་ཡིན་ནམ། ཁྱེད་ཀྱིས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱེད་དོན་ཀྱི་རྩ་བ་ནི་ང་ཚོའི་མ་འོངས་པའི་ལྗིད་ཏིག་ཏིག་གི་འགན་འཁྲི་དེར་རེ་ལྟོས་ཀྱི་མིག་ཟུང་འཕེན་བཞིན། ང་ཚོར་བཅིངས་པའི་ཡིད་ཆེས་དང་། བྱ་བཞག་དེའི་ཆེད་དུ་རང་ནུས་ཀྱི་ནུས་ཤུགས་ཡོད་ཚད་འབུལ་བཞིན་པ་ཡིན། དེ་བས། ཁྱེད་ཀྱིས་འདས་སོང་གི་ལོ་ཟླར་ལེ་བདའ་བྱེད་མི་སྲིད་ལ། མ་འོངས་བའི་འབྱུང་འགྱུར་གྱི་ལས་དབང་ལ་སུན་སྣང་སྐྱེས་ག་ལ་ཕོད། ཁྱེད་ནི་དུས་རབས་འདིའི་རང་དབང་གི་བླ་སྲོག་དང་། མི་རིགས་འདི་ཡི་ཚེ་སྲོག་གི་སྲོག་ཤིང་ལྟ་བུར་གྲུབ་ཡོད་པས་ན། དགེ་རྒན། དུས་རབས་འདིའི་བདག་པོ།
དགེ་རྒན། ངའི་མི་ཚེ་ཡི་འཐབ་ར་ན་རྟག་བརྟན་གྱི་རྒྱབ་རི་སྨུག་པོ། ངའི་དཀའ་སྡུག་གི་ལས་དབང་ལ་ཕྱོགས་སྟོན་གྱི་རིག་གསུམ་མགོན། དེ་བས། ངས་ཀྱང་རིགས་རྒྱུད་ཅིག་གི་ལས་དབང་ལ་ཁྱད་མཚར་གྱི་གད་རྒྱངས་ཤིག་ཅིས་ཀྱང་འབྲི་མུས་སུ་ཡོད།