中  文
མེས་པོའི་ཤུལ་བཞག
སྤེལ་དུས།  2013-03-16 14:54:04    རྡེབ་ཚད། 

མེས་པོའི་ཤུལ་བཞག

                        དྲུག་བདུན། བསོད་ནམས་རྒྱལ།
ཉི་མ་ལྷ་སའི་གྲོང་ཁྱེར།།
བོད་པའི་ཆོས་ཀྱི་ལྟེ་གནས།།
འདི་ལ་སྲུང་སྐྱོབ་བྱས་ན།།
མ་འོངས་བོད་པའི་རྒྱུད་ཡིན།།
ཕོ་བྲང་པོ་ཏ་ལ་ནི།།
བོད་པའི་ཕ་མཁར་བརྗིད་པོ།།
འདི་ལ་བརྩི་མཐོང་བྱེད་རོགས།།
མེས་པོའི་ཤུལ་བཞག་ཡིན་ནོ།།
སྨུག་པོ་སྦྲ་ནག་གྲུ་བཞི།།
བོད་པའི་ཕ་ཁྱིམ་སྨུག་པོ༎
མ་ཉམས་གོང་འཕེལ་བྱེད་རོགས།།
རིགས་རྒྱུད་གཅིག་གི་བོད་མི།།
དབྱངས་དང་གསལ་བྱེད་སུམ་ཅུ།།
ཐོན་མའི་བློ་ཡིས་དྲངས་པས།།
འཛིན་སྐྱོང་སྤེལ་གསུམ་བྱེད་རོགས།།
གངས་ཅན་གདོང་དམར་བོད་པ༎
གོན་པ་གོས་ལྭ་གོས་ཚར།།
བོད་མིའི་ཆ་ལུགས་ཡག་པོ།།
རྒྱུན་དུ་ལུས་ལ་གྱོན་རོགས།།
བརྩེ་ལྡན་མགོ་ནག་བོད་པ།།
སྲོག་ལས་གྲུབ་པའི་ཕ་སྐད།།
སྦྲགས་སྐད་ཞིག་ཏུ་མ་བསྒྱུར།།
ཤེས་ལྡན་སློབ་བུ་རྣམ་པ།།
བོད་མའི་ཟུངས་ཁྲག་ཡིན་ནོ།།
གཡང་ཟོག་རྟ་ནོར་ལུག་གསུམ།།
བོད་མའི་འཚོ་རྟེན་འདི་ཡིན།།
ཤོག་སྒོར་འགའ་ལ་མ་བརྗེ།།
ཨ་རོགས་གཞོན་ནུ་རྣམ་པ།།
རྒྱུད་བཞིའི་སྡེབ་དྲུག་བྱུང་བ།།
གཡུ་ཐོག་སྨན་བླའི་བཀའ་དྲིན།།
ད་ལྟ་དངོས་སུ་ཡོད་པ།།
བོད་པའི་ཉིང་བཅུད་ཡིན་ནོ།།
གངས་ཅན་བོད་ཀྱི་གནས་འདི།།
རིག་པའི་དཔའ་བོ་འཁྲུངས་ས།།
མ་ཉམས་འཛུགས་སྐྲུན་བྱེད་རོགས།།
ཁ་བའི་ལྗོངས་ཀྱི་བོད་པ།།