中  文
གངས་ལྗོངས་ལ་བསྟོད་པ།
སྤེལ་དུས།  2013-03-15 14:55:09    རྡེབ་ཚད། 

གངས་ལྗོངས་ལ་བསྟོད་པ།

སློབ་མ། ཁྲི་རྐང་ལྕགས་ཐར་རྡོ་རྗེ།
 
རབ་དཀར་གངས་རི་ཕྲེང་ལྟར་བསྒྲིགས་པ་ཆུ་སྐྱེས་པད་མའི་ལོ་འདབ་བཞིན།།
ཁྱད་འཕགས་རིག་པའི་གནས་བཅུའི་འོད་སྟོང་བསིལ་ལྡན་ཁ་བའི་ལྗོངས་ལ་འཕྲོས།།
རང་སྡེ་རིགས་ལ་ཞེན་པ་དཀར་བ་གངས་རི་དཀར་པོའི་དཔལ་ལ་འཕྱ།།
ཞི་བདེ་ལྷ་བྱའི་གསུང་སྐད་སྙན་མོ་གངས་རྒྱལ་ཏེ་སེ་རྩེ་ན་སྒྲོག།
 
དཀར་ནག་ཕྱུགས་དང་རི་དྭགས་སྣ་ཚོགས་ཀུན་གསལ་མཁའ་ཡི་སྐར་མའི་གྲོགས།།
ཞོ་དང་འོ་མའི་ཟས་རིགས་སྣ་ཚོགས་ཟླ་བའི་མ་མའི་དཔལ་ལ་འགྲན།།
དབྱངས་གསལ་སོ་བཞིའི་འགྱུར་ཁུགས་སྙན་མོ་བློ་གསལ་སློབ་བུའི་ངག་ན་སྙན།།
ཨེ་མ་འདི་ལྟའི་དགེ་མཚན་སྐྱིད་པོ་ཆོལ་གསུམ་བོད་མིའི་ངག་ན་སྙན།།
 
རྒན་བཀུར་ཆུང་བྱམས་མཛའ་བརྩེ་ཟབ་མོ་མཐུན་པ་སྤུན་བཞིའི་རྗེས་སུ་འཆིང་།།
ལྷ་ཆོས་དགེ་བཅུའི་ཆོས་ཁྲིམས་གཙང་མས་མ་རུངས་བདུད་ཀྱི་དཔུང་ཚོཊ་འཇོམས།།
རིན་ཆེན་གསེར་སོགས་གཏེར་ཁའི་ཚོགས་ཀྱིས་ཀླུ་ཡི་བང་མཛོད་སྐྱེངས་པར་བྱརད།།
བསིལ་ལྡན་ཁ་བ་དཀར་པོའི་ཞིང་ཁམས་སྲིད་གསུམ་གོ་ལའི་རྒྱན་དུ་མཛེས།།