中  文
ཐོག་མའི་མགོན་པོ།
སྤེལ་དུས།  2015-04-15 09:34:21    རྡེབ་ཚད། 
ཐོག་མའི་མགོན་པོ། དམའ་གཉིས་འཛིན་ལྔ། པདྨ་རྡོ་རྗེ། ཤེས་རིག་གི་ཞིང་ཁམས་འགྲིམས་ནས་མི་ལོ་བརྒྱད་ལྷག་འདས་པའི་དེ་རིང་། གྲོགས་ན་ཟླའི་ཚོགས་རྣམས་མཉམ་དུ་འཛོམས་ཏེ་བགྲོ་གླེང་ཞིག་དང་རྩེད་མོ་ཞིག་གི་དབུ་ཁྱུད་བྲིས་ན་ཚང་མར་ཤེས་ཡོན་ཅིག་གི་རྨང་རྡོ་མཆིས་ལ། ཀུན་སློང་ཡག་པོའི་ན་བཟའ་འདུག་པས་སྔོན་ཐོན་ཞེས་པའི་མིང་འདི་ཉིད་གླེང་ཆོག་འདོད། མིང་འདི་ཡི་ཐོབ་ཚུལ་ལ་བཞེད་ཚུལ་སྣ་ཚོགས་མཆིས་ཏེ། ལ་ལས་དེ་ནི་དགེ་རྒན་གྱི་བཀའ་དྲིན་ རེད་ཟེར། འགའ་ཞིག་གིས་དེ་ནི་སྔོན་བསགས་བཟང་བས་རྐྱེན་རེད་ཟེར། ཡང་ཁ་ཅིག་གིས་དེ་ནི་སྟོན་པས་བདག་ཅག་ལ་མགོན་སྐྱབས་མཛད་པས་རེད་ཟེར། གང་ ལྟར་དེ་ནི་མོག་མོག་མེད་པའི་ལྷན་སྐྱེས་མིན་པ་གསལ་བས་ཕྲན་གྱི་བསམ་ཚུལ་ལ་ས་སེར་པོ་གསེར་དུ་བསྒྱུར་བའི་ཐོག་མའི་མགོན་པོ་སྟེ། ས་གསུམ་རྩེ་མོའི་བྱམས་སེམས་ཀྱི་བདག་པོ་དྲིན་ཆེན་ཕ་མའི་སྐུ་དྲིན་རེད་སྙམ། རིན་ཐང་མཆིས་པའི་དུས་ཚོད་འདི་ཙམ་ལ་ཡང་བསྐྱར་མནོ་བསམ་བཏང་ན་ངོ་མ་གླེང་རིན་དང་འབྲི་རིན་མཆིས། མི་ལུས་ཐོབ་མ་ཐག་པའི་དམར་འབྱར་གྱི་དུས་ལ་ཕྱིར་འདང་རྒྱབ་ན། དེ་དུས་ང་རང་ནི་ཅི་ཡང་མི་རྟོགས་པའི་སྤྲེའུ་རྒན་གདོང་དམར་བའི་ཕྲུ་གུ་ཙམ་ཡིན་ལ། ལྟོགས་སྐོམ་སེལ་བར་ཟས་འཚོལ་མི་ཤེས་ལ། གྲང་ངར་འགོག་པར་གོས་བཟོ་མི་ཤེས་ནའང་བྱང་ཆུབ་ཀྱི་བྱམས་བརྩེ་འདྲིས་པའི་དྲིན་ཆེན་ཡབ་ཡུམ་ཁྱེད་གཉིས་ཡོད་པས་ང་རང་དུས་རབས་འདིའི་ཤེས་རིག་གི་མེ་ཏོག་གླིང་ན་གསེར་སྨྱུག་གི་རིན་ཐང་ངོམས་བཞིན་འཚོ། ང་ལ་ཆེས་མིག་ཆུ་བཞུར་དུ་འཇུག་སྲིད་པ་ནི་ང་རང་ནར་སོན་ཏེ་བགྲང་བྱ་ བརྒྱད་ལྷག་འགོར་བའི་སྟོན་དུས་ཀྱི་བྱམས་བརྩེ་དེ་རེད། ངེད་ཚང་ནི་འཚོ་བའི་ཆ་ རྐྱེན་དེ་འདྲ་ལེགས་རྒྱུ་མེད་པའི་ཁར་སྒོ་ཟོག་ཉུང་ལ་རྩྭ་ས་ཆུང་། དེ་ལས་ཀྱང་བཟའ་མི་མང་བའི་ཁྱིམ་ཚང་དཀྱུས་མ་ཞིག་ཡིན་པས་དཀའ་བ་གྲངས་མེད་ཅིག་ཡོད། འོན་ཀྱང་ངའི་སེམས་ལ་མ་འཆར་བ་ནི་ཁྱེད་གཉིས་ཀྱིས་དཀའ་སྡུག་ཁྲི་ཁྲག་རྒྱབ་ཏུ་བསྐྱུར་ནས་རྩྭ་ཐང་ན་རྨོངས་པའི་མི་བུ་ང་རང་ཤེས་རིག་འོད་སྟོང་འཕྲོ་བའི་སློབ་གླིང་ལ་རིག་པའི་འོ་མ་ཁྲི་ཡི་ཉིང་བཅུད་རོལ་དུ་མངགས། གྲང་ངར་ཆེ་བའི་དར་ལྕོག་སྒང་ནས་ཐར་ཐོར་གྱི་ཕྱུགས་རིགས་འཚོ་བར་བྲེལ་འཚུབ་དང་ངལ་བ་བརྗོད་ཀྱིས་མི་ལང་བ་ཡོད་ནའང་གཟའ་ཉི་མའི་དུས་ཚོད་དེ་རུ་ལེ་དབར་བརྒྱ་ཕྲག་གི་ལམ་ཐག་རྔུལ་ཆུས་བཏོལ་ཏེ་ངའི་འཚོ་བ་དང་སློབ་སྦྱོང་ལ་མཁོ་བའི་གང་ཞིམ་གྱི་ཟས་མཆོག་དང་གང་ལེགས་ཀྱི་དངོས་བོ་འཁྱེར་ཡོང་བའི་སྣང་ཚུལ་འདི་མཐོང་ན་ཡ་ཆུང་ལ་སྐྱོ་བ་སྐྱེས་ཞིང་ཁྲ་ཆུང་ལ་མཆི་མ་འཁྱིལ་ན་ཡང་ངས་ནམ་ཡང་འཇལ་ཐབས་བྲལ། དུས་ད་ལྟའང་བུ་ཆུང་ངའི་ཕྱོགས་ལ་དུས་ཚོད་སྐར་ཆ་གཅིག་ཀྱང་མ་ལུས་པར་ཐུགས་ཁུར་གནང་གིན་ཡོད་དེ། ནམ་རྒྱུན་གནང་བ་བཏང་རྗེས་ཟོག་རྫིར་གོམ་གང་ཡང་འགྲོ་རུ་མི་འཇུག་པར་སློབ་སྦྱོང་ལ་ཁ་གསབ་བྱེད་དུ་འཇུག་པར་བལྟས་ན་འབྲིང་རྒྱུགས་འཕྲོད་པར་རེ་བ་བཅངས་ཡོད་པ་རྟོགས་པས་ང་ལ་སྒུལ་ཤུགས་གྲངས་མེད་ ཅིག་བསྩལ་ལོ༎ དབུ་སྐྲ་ནག་པོའི་ཁ་དོག་འགྱུར་རག་བར་དུ་ཕྲན་ལ་དྲིན་གྱིས་བསྐྱངས་ཤིང་བྱམས་ཀྱིས་གཟིགས་ན་ཡང་བུ་ཆུང་གི་སྨྱུག་ཁ་ནས་ཕ་མ་ཁྱེད་ཀྱི་བཀའ་དྲིན་བྲིས་མི་ཚར་པས་ཁྱེད་ནི་ངའི་སེམས་ཀྱི་སྟོན་པའི་མར་མེ་སྟེ་ཐོག་མའི་མགོན་པོ་ཡིན་ནོ།། ཁྱེད་ཉིད་ཀྱི་བཀའ་དྲིན་ལ་ཕྱིར་འདང་བརྒྱབ་ན་ང་ལ་བརྩོན་སེམས་ཀྱི་འདུན་པ་སྩོལ་ལ་ཡར་སེམས་ཀྱི་མེ་ཏོག་བཞད་དོ༎