中  文
ཕ་མའི་དྲིན་ལན།
སྤེལ་དུས།  2015-04-15 09:35:14    རྡེབ་ཚད། 
ཕ་མའི་དྲིན་ལན། དགུ་གཉིས་འཛིན་གྲྭ རྡོ་རྗེ་སྒྲོལ་མ། ལང་ཚོ་མེ་ཏོག་རྒ་བའི་གཞན་དབང་ལ་ཚུད་ཀྱང་།། ལུས་ཤུགས་ཡོད་དགུ་བུ་ཕྲུག་མདུན་ལམ་ལ་རེམ་ནས།། སྡུག་ནི་རང་སྟེང་ཁྱེར་ལ་ཞུམ་པ་རང་མེད་པའི།། དྲིན་ཆེན་ཕ་མའི་མཛད་པ་སེམས་ཁུངས་ཀྱི་ཉི་མ།། དེ་ཡང་།རང་ཅག་བཅུད་ཀྱི་སེམས་ཅན་རྣམས་སྣོད་ཀྱི་འཇིག་རྟེན་འདིར་གནས་པ་ནས་བཟུང་།རང་ལ་བྱམས་དང་བརྩེ་བས་སྐྱོང་བའི་དྲིན་ཆེན་ཕ་མ་གཉིས་ཡོད་སྲིད།དྲིན་ཆེན་ཕ་མ་གཉིས་ཀྱི་བརྩེ་སེམས་དང་གཟིགས་སྐྱོང་འོག་རིམ་དང་རིམ་གྱིས་འཕེལ་རྒྱས་བྱུང་ནས་ད་ལྟའི་སྨྲ་ཤེས་ཤིང་དོན་གོ་བའི་་གང་ཟག་ཡང་དག་ཞིག་གི་མཚན་ཉིད་ཐོབ་པ་རེད། ལྷག་པར་ང་ཚོ་བོད་མི་རིགས་ནི་རྒན་ལ་བཀུར་ཞིང་ཆུང་ལ་བྱམས་པ།གཞུང་དྲང་གི་གཤིས་ཀ་ལྡན་པའི་མི་རིགས་རྣམ་དག་ཞིག་ཡིན།དྲིན་ལ་དྲིན་དུ་བཟོ་བ་ནི་མི་རིགས་འདིའི་མི་རྣམས་ཀྱི་རྒྱུད་ལ་གྲུབ་པའི་ལྷན་སྐྱེས་ཀྱི་ཡོན་ཏན་ཞིག་ཡིན།ཕ་མར་དྲིན་ལན་འཇལ་བ་ནི་འཇིག་རྟེན་འདིར་སླེབས་པ་ནས་བཟུང་ངེས་པར་དུ་བསྒྲུབ་དགོས་པའི་བྱ་བ་ཉག་ཅིག་ཡིན་པ་ཤེས།འཇིག་རྟེན་འདིའི་སྟེང་ཆེས་བྲིས་མི་ཚར་བའི་ཐ་སྙད་ཞིག་ཡོད་པ་ནི་ཕ་མ་ཞེས་པའི་ཡིག་འབྲུ་འདི་གཉིས་མ་ཡིན་ནམ། དེ་ཡང་། ང་ལའང་བྱམས་དང་བརྩེ་བའི་སྐྱོང་མཁན་གྱི་དྲིན་ཆེན་ཕ་ལོ་མ་ལོ་གཉིས་ཡོད།ཁོ་གཉིས་ཀྱིས་ཡོད་ཚད་ཀྱི་ཡོད་ཚད་ང་ལ་གནང་ཟིན་ཏེ། བརྩེ་བ་དྲོད་མོ།ལང་ཚོའི་རིན་ཐང་།ངའི་ལང་ཚོའི་ལྟེ་ཁྲག་ས་ལ་གཏོར་ནས་ངུ་ངག་གི་དབྱངས་རྟ་མཁའ་རུ་གྱེར་པ་ནས་བཟུང་།ངའི་དྲིན་ཆེན་གྱི་ཕ་ལོ་མ་ལོ་གཉིས་ནི་བུ་མོ་ངའི་ཆེད་དུ་གསོན་ཡོད་པ་དང་འདྲ།ཆུང་ཆུང་བྱིས་པའི་དུས་ནས་བཟུང་ང་ནི་ལུས་ཟུངས་ཞན་ཞིང་ནད་ཕོག་སླ་བའི་བུ་མོ་ལས་ངན་ཞིག་ཡིན། ཡིན་ཡང་ཕ་མ་གཉིས་ཀྱིས་སྒོར་མོ་མེད་ཀྱང་གཞན་ལ་བསྐྱིས་ནས་ང་རང་སྨན་པར་ཐེངས་མང་བསྟན་མྱོང་། ཉིན་ཞིག་ལ།ངའི་ནད་གཞི་ཇེ་ཞན་ཏུ་སོང་བས་མྱུར་དུ་སྨན་ཁང་དུ་འགྲོ་དགོས་བྱུང་།ཉིན་དེའི་ཞོགས་པར་ཨ་ཕ་སྔ་མོ་ནས་ལངས་ཏེ་ང་ཚོའི་སྡེ་དཔོན་ཚང་ལ་སྒོར་མོ་བསྐྱི་རུ་ཕྱིན།འོན་ཀྱང་ང་ཚོའི་སྡེ་དཔོན་ནི་མི་སེར་སྣ་ཅན་ཞིག་ཡིན་པས་ཕ་ལ་སྒོར་མ་བསྐྱིས།དེ་ནས་ཕ་བྲེལ་འཚུབ་ཀྱིས་སྡེ་བའི་ཁྱིམ་ཚང་རེ་རེའི་སྒོ་དྲུང་དུ་ཕྱིན་ནས་ང་ལ་སྨན་རིན་བཙལ།དེ་དུས་ངའི་སེམས་པ་ཁ་བ་ལྟར་ཤིན་ཏུ་འཁྱགས་ལ།ངའི་སྐྱོ་བ་ན་བུན་ལྟར་རབ་རིབ་ཡིན།ངས་རང་ཉིད་ནི་ཕ་མ་གཉིས་ཀྱི་ལན་ཆགས་རེད་བསམ་བཞིན་རང་དབང་མེད་པར་མིག་་ཆུ་མཁུར་ཚོས་སྟེང་ཁྲོམ་ཁྲོམ་དུ་བཞུར་འོང་།ཨ་ཕ་ཕྱིར་སླེབས་བྱུང་།ཁོའི་སྐྲ་འདབས་ནས་རྔུལ་ཆུ་ཞིག་བཞུར་བཞིན་ལག་ཏུ་སྒོར་མོ་བརྒྱ་ཤོག་ཉུང་ཙམ་ལས་མེད། ཁོས་བཤད་རྒྱུར་གཅེས་ཕྲུག་ཡར་ལོངས་དང་།ང་ཚོ་སྨན་ཁང་དུ་འགྲོ་ཟེར་བཞིན་བྲེལ་འཚུབ་ཀྱིས་གཞུང་ལམ་ཁར་རྒྱུགས་ནས་རླངས་འཁོར་ཞིག་བཀག་བྱུང་།ཨ་མས་ང་ཁུར་ནས་རླངས་འཁོར་ནང་དུ་བུད།དེ་ནས་ཡུན་ཙམ་མ་འགོར་བར་ང་ཚོ་རྫོང་སྨན་ཁང་དུ་འབྱོར་ལ་སྨན་པས་སྐྱི་གཡའ་བའི་གཏམ་ངན་ཞིག་འཁྱེར་ཡོང་།སྨན་པས་བཤད་རྒྱུར་ཁྱོད་ཀྱི་བུ་མོའི་ཕོ་ཁ་མི་བཟང་བས་མྱུར་དུ་གཤགས་བཅོས་བྱེད་དགོས་ལ་གཤགས་བཅོས་བྱེད་པར་སྒོར་ཁྲི་གཉིས་དགོས་ཞེས་བཤད་པས་ང་ཚོ་ཚང་མ་འུ་ཐུག་ཐབས་ཟད་དུ་གྱུར། ཕ་མ་གཉིས་ཀྱིས་བྱམས་བརྩེ་ཡིས་ཕྱུག་པའི་མིག་མདངས་ཀྱིས་ང་ལ་བལྟ་བཞིན་གྲོས་ཞིག་བྱེད་བཞིན་ཡོད། དེ་དུས་ངའི་ཅི་ཡིན་མ་ཤེས་བར་ཨ་ཕ་ཕྱིར་བུད་སོང་། ང་དང་ཨ་མ་གཉིས་སྨན་ཁང་དུ་ཞགས་གཅིག་ལ་བསྡད། ཕྱི་ཉིན་སླེབས་པ་ན་ཨ་ཕས་སྒོར་བཙལ་ནས་ཐོན་བྱུང་། ངའི་སྒོར་འདི་སུ་ལ་བསྐྱིས་བ་ཡིན་ཞེས་དྲིས་པར་ཕ་མ་གཉིས་ཀྱིས་འུ་ཚང་གི་ལུག་བཙོང་བ་ཡིན་ཟེར། དེ་དུས་ངའི་མིག་ཆུ་སླར་ཡང་རང་དབང་མེད་པར་བཞུར་འོང་། རྒྱུ་མཚན་ལུག་དེ་ནི་ཕ་མ་གཉིས་ཀྱི་མི་ཚེ་ཕྱེད་ཀའི་རིང་ལ་གསོག་བའི་རྒྱུ་ནོར་ཡིན། ངའི་ཆེད་དུ་སྐད་ཅིག་རིང་ལ་སྨག་མེད་དུ་བཏང་བྱུང་བས་སེམས་ནི་རབ་ཏུ་སྐྱོ། སྨན་ཁང་ནས་བུད་དེ་ཡུལ་དུ་སླེབས་པ་ན་ངེད་ཚང་ལ་ཅི་ཡང་མེད། ངའི་སེམས་ནི་ཅི་འདྲའི་སྐྱོ་བ་ལ་ཨང་། དྲིན་ཆེན་གྱི་ཕ་མ་གཉིས་ལགས། ཁྱེད་གཉིས་ཀྱིས་ང་ལ་ཚེ་སྲོག་གཉིས་སྦྱིན་བྱུང་བས་ངས་ཁྱེད་གཉིས་ཀྱི་དྲིན་ལན་འདི་ཅི་ལྟར་འཇལ། དེ་བས་བུ་ཕྲུག་ཚོ། འཇིག་རྟེན་འདིའི་སྟེང་ཆེས་བཟོད་དཀའ་བ་ནི་ཕ་མ་དང་གཏན་དུ་བྲལ་བའི་སྡུག་བསྔལ་དེ་ཡིན་ལ། ཆེས་སྐོང་ཐབས་བྲལ་བ་ནི་ཕ་མ་མེད་པའི་སེམས་ཀྱི་སྡུག་བསྔལ་དེ་ཡིན་པས་ཕ་མ་འཇིག་རྟེན་སྟེང་གནས་དུས་དྲིན་གཟོ་བྱེད་རྒྱུ་ནི་མ་བརྗེད་ལགས།