中  文
དོན་དེ་ངའི་སེམས་ན་ལྷུག་པོར་གནས།
སྤེལ་དུས།  2015-04-15 09:36:12    རྡེབ་ཚད། 
དོན་དེ་ངའི་སེམས་ན་ལྷུག་པོར་གནས། དམའ་གསུམ་འཛིན་ལྔ། སྙིང་མོ་རྒྱལ། འཚོ་བ་ནི་སྐབས་རེར་རྩེད་འཇོ་རོལ་བའི་བྱེའུ་ཆུང་དང་འདྲ་སྟེ། གཤོག་ཟུང་བརྐྱངས་ཏེ་མཁའ་དབྱིངས་ན་ལྡིང་སྐོར་རྒྱག་བཞིན་གདའ། ཡང་སྐབས་རེར་སྡུག་བསྔལ་གྱིས་གཟེར་བའི་རྩྭ་ཕྲན་དང་འདྲ་ཞིང་མགོ་བོ་དུད་དེ་གནས། མཚམས་མཚམས་སུ་འགྱོད་བརྡལ་གྱི་ཁེངས་བའི་ཆར་ཆུང་བཞིན་དུ་ཡིད་ཐང་ཆད་དེ་འབབ་བཞིན་མཆིས། བརྗོད་མི་ཚར་བའི་འཚོ་བ་འདིའི་ཟུར་གནས་ཅིག་ན་ང་ལའང་བརྗེད་མི་འདོད་པའི་དོན་དག་རེ་ཡོད་པ་སྨྲ་ཅི་དགོས། སྐབས་དེར་ང་ནི་སྡུག་བསྔལ་གྱིས་གཟེར་བའི་རྩྭ་ཕྲན་དེ་ཡིན་ལ། ཡང་འགྱོད་བརྡལ་གྱིས་ཁེངས་བའི་ཆར་ཆུང་དེའང་ཡིན་བཞིན་མཆིས། ཚ་བ་དྲག་དུ་འབར་བའི་དབྱར་གཞུང་གི་ཉིན་ཞིག་གི་ཕྱི་དྲོར། ངས་ཨ་མ་ལ་ཡང་ཡང་རེ་བ་ཞུས་དེ་ང་རང་རྫོང་ཐོག་ལ་ལུས་པོ་བཀྲུ་རུ་འགྲོ་བསམ། ངས་ཡང་དང་བསྐྱར་དུ་རེ་བ་ཞུས་མཐར། མོ་ཡང་ཐབས་ཟད་དེ་ང་རང་འགྲོ་བར་འཐད་པ་བྱུང་། ངས་མོ་ལ་ཁས་བླངས་ཏེ་ས་མ་རུབ་པར་ཕྱིར་ལོག་ཟེར། ང་འདི་ལྟར་སྤྲོ་ལྷང་ལྷང་ངང་ལམ་ལ་ཆས་སོང་། སེམས་ལའང་མ་དྲན་པ་ཞིག་ལ། ང་རྫོང་ཐོག་ནས་གྲོགས་པོ་འགའ་ལ་ཐུག་བྱུང་། སྐབས་དེར་ངས་ཅི་ལ་ཡང་བསམ་བློ་མ་བཏང་བར་ཁོ་ཚོ་དང་མཉམ་དུ་སྤྲོ་སྐྱིད་གླིང་གར་རྩེ་རུ་བུད་སོང་། དེ་ནས་དུས་ཡུན་རིང་པོ་ཞིག་འགོར་རྗེས། ངས་རང་ཉིད་ཁྲུས་བྱེད་དུ་ཡོང་བ་དྲན་ཏེ། གྲོགས་པོ་ཚོ་དང་གྱེས་ཕྱག་འཚལ་ཏེ་ཁྲུས་བྱེད་དུ་སོང་། ངས་ཡུད་ཙམ་ལ་ཁྲུས་བྱས་ཏེ་ཚར་རྗེས། སྒོ་ཕྱིར་བུད་པ་ན་ས་སྔ་མོ་ནས་རུབ་སོང་། ངས་མྱུར་དུ་གླ་གཏོང་རླངས་འཁོར་ཞིག་གླས་དེ་ཡུལ་ལ་སོང་། ང་དལ་བ་དལ་བུར་ངེད་ཚང་གི་སྒོ་ཆེན་ནང་དུ་འཛུལ་ཏེ་ལྟ་ཙམ་ན་མུན་ནག་གི་ཡོངས་སུ་བསྒྲིབས་པའི་ལྷས་རའི་ནང་དུ་གསལ་མི་གསལ་བའི་གཟུགས་བརྙན་ཞིག་ངའི་མཐོང་ལམ་དུ་ཡུན་གྱིས་སྣང་བྱུང་། ངས་སེམས་ཆུང་གི་གོམ་ཁ་དལ་བ་དལ་བུར་གཟུགས་བརྙན་དེའི་ཕྱོགས་སུ་བསྒྱུར་ཏེ་བལྟས་པ་ན་གསལ་མི་གསལ་ཞིང་དབང་གཞུ་ལྟར་གནས་པའི་གཟུགས་བརྙན་དེ་ནི་ངའི་བྱམས་བརྩེ་ལྡན་པའི་ཨ་མ་རེད། ང་རང་ཧ་ལས་སུ་བཅུག སྐབས་དེར་མོ་ནི་སྡུག་བསྔལ་གྱི་གཟེར་བའི་རྩྭ་ཕྲན་དེ་ཡིན་ལ་ང་ནི་འགྱོད་བརྡལ་གྱིས་ཁེངས་བའི་ཆར་ཆུང་དེ་ཡིན་བསམ། ངས་ཀྱང་མོ་ལ་ས་མ་རུབ་བར་ཕྱིར་ལོག་ཞེས་ཁས་བླངས་ཡོད་པའི་དོན་དག་དེ་ངང་གིས་དྲན་བྱུང་། ངས་མགོ་བོ་དལ་བུར་དགྱེས་ཏེ་མོ་རང་ལ་ལྟ་ཙམ་ན། མོའི་གཉེར་མའི་ཁེངས་ཤིང་དམར་མདངས་མེད་པའི་ཞལ་རས་དེ་སྔ་མོ་ནས་མཆི་མས་བརླན་འདུག སྐབས་དེར་ངས་ཨ་མའི་མིག་མདངས་ལས་ཁོ་མོས་ང་ལ་སེམས་ཁྲལ་ཅི་ཙམ་བྱས་ཡོད་པ་གསལ་བོར་རྟོགས་བྱུང་། ལོ་གསུམ་གྱི་སྔོན་དུ་བྱུང་བའི་དོན་དག་དེ་ད་དུང་ངས་བརྗེད་ཐབས་བྲལ་ཞིང་། ངའི་བསམ་པར་དོན་རྐྱེན་དེ་ཁ་སང་བྱུང་བ་དང་འདྲ་ལ། དེ་རིང་བྱུང་བ་དང་འདྲ། གང་ལྟར་ང་ལ་མཚོན་ན་དེ་འདྲའི་ཁ་ཐག་ཉེ་སོང་། དགོངས་པ་མ་ཚོམ ཨ་མ་ལགས། བུ་མོ་ངས་ཡང་དང་བསྐྱར་དུ་ཁྱེད་རང་ལ་སེམས་ཁུར་དུ་གཏད་བྱུང་། ཡིན་ནའང་ངས་རྗེས་ཕྱོགས་འདི་འདྲའི་སྐྱོན་མི་བཟོ་བ་ཁྱེད་ཉིད་ལ་དམ་བཅས་པ་ཡིན། ངས་ལོ་གསུམ་གྱི་སྔོན་དུ་བྱུང་བའི་དོན་དག་དེ་ལ་བཀའ་དྲིན་ཞུ་འདོད། རྒྱུ་མཚན་དེ་ནི་སེམས་པའི་སྙིང་ཁྲག་ལ་རྒྱུ་བའི་བརྗེད་ཐབས་བྲལ་བའི་དོན་ཞིག་ཡིན་ལ། ཨ་མའི་བརྩེ་བ་ནི་དེ་འདྲ་རིན་ཐང་ཆེ་ལ་སྒེར་སེམས་མེད་པ་ཞིག་ཡིན་པ་ངས་གཞི་ ནས་གསལ་བོར་རྟོགས། ངའི་འཚོ་བ་ནི་གཞི་ནས་བདེ་སྐྱིད་ལྡན་ལ་བརྩེ་སེམས་ཀྱིས་ཕྱུག་ཡོད། རྒྱུ་མཚན་ཁྱེད་ཉིད་ཡོད་པའི་རྐྱེན་གྱིས། ཨ་མ། ངའི་བྱམས་ལྡན་གྱི་མ་ལོ།