中  文
སློབ་གྲོགས་ལྷ་མོ །
སྤེལ་དུས།  2015-04-20 09:37:23    རྡེབ་ཚད། 
སློབ་གྲོགས་ལྷ་མོ ། ལྕགས་ཐར་རྡོ་རྗེ།དམའ་གཉིས་འཛིན་བདག་དྲུག ལྷ་མོ་ནི་ང་དང་འཛིན་གྲྭ་གཅིག་པའི་སློབ་ཆུང་སྐབས་ཀྱི་སློབ་གྲོགས་ཤིག་སྟེ་ད་ལྟ་ཡང་མིག་མདུན་དུ་ལྷང་ངེར་ཤར་འོངས ། ཁོ་མོའི་གདོང་ནི་སྒོར་ཞིང་དཀར་ལ་མགོའི་གཡས་གཡོན་གཉིས་སུ་རལ་བ་ཆུང་ངུ་གཉིས་བསླེས་ཡོད་ཅིང་ ། ནག་ཅིང་སྣུམ་པའི་ལན་བུ་གཉིས་ཀྱི་རྔ་མར་སྐྲ་མདུད་དམར་པོ་ཞིག་གིས་དམ་པོར་བསྡམས་ ཡོད ། ཁོ་མོའི་ཡ་ཁ་ན་སྨེ་བ་ཆུང་ངུ་ཞིག་ཡོད་ཅིང་ནམ་རྒྱུན་རྙིང་ཞིང་ཧྲུལ་བའི་ལྷན་པ་ཅན་གྱི་བོད་ལྭ་ཆ་གཅིག་གྱོན་ཡོད ། སྐབས་དེ་དུས་ང་ཚོ་ཚང་མའི་ཁྱིམ་ཚང་གི་ དཔལ་འབྱོར་ཧ་ཅང་ཞན་པས་བོད་ལྭ་དེ་འདྲ་ནི་ཆེས་མཛེས་ཤིང་སྡུག་པའི་ལྭ་བའི་གྲལ་དུ་བརྩིས་ཆོག ཁོ་མོའི་སྦྱངས་འབྲས་ནི་ང་ཚོའི་འཛིན་གྲྭའི་ནང་གི་ཆེས་ལེགས་པ་ཡིན་པས ། ནམ་རྒྱུན་གྱི་རྒྱུགས་གཞི་རེ་རེར་བྱ་དགའ་མཐའ་དག་ཁོ་མོའི་ཡིན་པ་སྨོས་མ་དགོས ། འོན་ཀྱང་ཁོ་མོས་དེ་ནི་རང་གི་ང་རྒྱལ་དུ་མི་བསམ་པར་སྔར་ལས་ ལྷག་པའི་བརྩོན་པ་བསྐྱེད་དེ་སྐྱོན་སྤངས་དགེ་སྒྲུབ་དང་ལེགས་ཆ་དར་སྤེལ་བྱེད་ལ་ ལྷག་པར་དུ་སློབ་སྦྱོང་ཐད་སློབ་གྲོགས་ཚོར་རོགས་རམ་བྱས་ཏེ་དྲི་བ་མཐའ་དག་ས་ཟད་རྡོ་འབུད་ཀྱི་དཔེ་རུ་བཀོད་ངེས ། དེ་བས་དགེ་རྒན་ལྟ་ཅི་ང་ཚོ་སློབ་གྲོགས་ཚོས་ཀྱང་ཁོ་མོར་ཡིད་སྨོན་དང་བླ་མེད་ཀྱི་བརྩི་བཀུར་བྱེད ། འོན་ཀྱང་ཁོ་མོར་ཡང་བཟང་ཆ་ཁོ་ན་ལས་སྐྱོན་ཆ་མེད་པ་མིན་ཏེ ། མཚམས་ལན་རེར་ཡ་ཁ་ན་ནར་ནར་དུ་ཡར་འབྱིན་མར་འབྱིན་བྱེད་པའི་སྣབས་ལུད་དེ་ནི་ དངོས་གནས་ས་འབུ་ནག་རིང་ཞིག་དང་ཇི་འདྲའི་མཚུངས་ཨང་ ། ཐེངས་ཤིག་ལ་ངས་ཁོ་མོར་ཀུ་རེ་ཚུལ་དུ་ཡ་ཁ་ན་ས་འབུ་ནག་རིང་ཞིག ། ཨ་མཚར་རོ་ཡར་འཛུལ་ མར་འོང་བྱེད ། ། བྱེའུ་ཞིག་བྱུང་ན་དགའ་བ་ལ ། ། དེ་མ་ཉིད་ཟོས་ན་སྐྱིད་པ་ལ་ ཞེས་སྨྲས་པས་ཁོ་མོས་མྱུར་དུ་གཙང་མར་ཕྱིས་བྱུང་ ། དེ་ནས་བཟུང་ཁོ་མོའི་ཡ་ ཁའི་ས་འབུ་ནག་རིང་དེ་གཏན་ནས་སྒོར་བུད་མ་མྱོང་ལ་ལྷག་པར་དུ་ཁོ་མོས་ངའི་ འགྲམ་ནས་ནམ་རྒྱུན་ཡ་ཁ་ཡང་ཡང་ཕྱི ། འོན་ཀྱང་བྱིས་པའི་འཚོ་བ་ནི་རྨི་ལམ་ཙམ་སྟེ་དེ་མ་ཐག་ང་དང་རྒྱང་དུ་བྲལ་སོང་ ། སྐབས་དེ་དུས ། འབྲོག་ཕྱོགས་ཀྱི་སློབ་གསོ་ཧ་ཅང་རྗེས་ལུས་ཡིན་པས་ལོ་ རིམ་དང་པོའི་སློབ་མའང་ཆུང་བ་ལོ་ན་དགུ་དང་ཆེ་བ་ལོ་ན་བཅུ་གཉིས་ཡན་ཡིན ། བསམ་ཡུལ་ལས་འདས་པ་ཞིག་ལ་ང་ཚོ་ལོ་རིམ་གསུམ་པ་ནས་མཐར་ཕྱིན་པའི་ཉིན་མོ་དེར་ཁོ་མོ་སློབ་གྲྭར་མ་ཡོང་ ། རྒྱུ་མཚན་ཅི་ཡིན་མ་ཤེས་མོད་ཨ་ཕས་ང་ལ་བཤད་ན་ཁོ་མོ་ལོ་ན་ཆེ་བས་ཁོ་ཚང་གི་ཕ་མ་གཉིས་པོས་སློབ་གྲྭར་འགྲོ་རུ་མ་བཅུག་ཟེར ། གང་ལྟར་ཀྱང་དུས་དེ་ནས་བཟུང་ཁོ་མོ་ཤེས་རིག་སྐྱེད་ཚལ་གྱི་གཡུ་སྦྲང་ཞིག་ནས་ རིམ་བཞིན་ལྷས་རའི་ལྕི་འདམ་ཁྲོད་ཀྱི་འབྲོག་མོ་ཞིག་ཏུ་གྱུར་སོང་ ། ད་ལོ་ཁོ་མོ་ལོ་ན་བཅུ་དགུ་ལ་སོན་པ་ཡིན་ཞིང་ ། འཇོར་སྒེག་གི་ལང་ཚོ་དར་ལ་བབས་པའི་ན་ཆུང་གཞོན་ནུ་མ་ཞིག་ཏུ་གྱུར་འདུག འོན་ཀྱང་ངས་གོ་ཐོས་ལྟར་ན་ཁོ་མོས་སྔར་བཞིན་དཔེ་ཆར་བལྟ་བཞིན་འདུག་སྐད ། ད་ལོའི་དགུན་གནང་སྐབས་ཀྱི་ཟླ་བཅུ་པའི་ཚེས་ཉེར་བདུན་ཉིན་ཁོ་མོའི་ཕུ་བོ་ངེད་ཚང་ལ་སླེབས་བྱུང་ ། ཁོའི་གདོང་ལ་འཛུམ་མདངས་ཤིག་རྒྱས་བཞིན་རྒྱ་ལོའི་ཚེས་པ་གསུམ་ཉིན་ཁོ་མོའི་གཉེན་སྟོན་ཡིན་པས་ཁྱེད་བཟའ་མི་བཀང་བོ་སྟོན་མོར་ཡོང་དགོས་ཟེར ། རྒྱུ་མཚན་ནི་ཁོ་ཚང་དང་ངེད་ཚང་གཉིས་ཚོ་བ་གཅིག་གི་ཡིན་པས་སོ ། ། རེད་ཡ ། ཕྱིར་འདང་རེ་བརྒྱབ་ན་ང་སློབ་ཆུང་ནས་དམའ་འབྲིང་དུ་ཞུགས་པའི་ལོ་ཟླ་དེ་དག་ལ་ཁོ་མོ་ལྟ་བུའི་སློབ་གྲོགས་གང་མང་ཞིག་དང་འཕྲད་མྱོང་ལ ། རེ་རེ་བཞིན་སློབ་གྲྭ་ནས་ཕྱིར་འཐེན་བྱས་སོང་ ། ད་ལྟ་ང་དང་འཛིན་གྲྭ་གཅིག་པའི་སློབ་གྲོགས་ང་གཉིས་ལྷག་ཡོད་ལ་ཁོ་ཚོ་ནི་ལང་ཚོའི་གསོན་ཤུགས་འབར་བའི་མ་འོངས་གངས་ཅན་གྱི་རེ་བ་ཁོ་ན་ཡིན ། འོན་ཀྱང་ང་རང་ཆེས་སྐྲག་པ་ནི་ངའི་སེམས་ཁོང་གི་བྱ་ཁྱུ་དཀར་བོ་འདི་ཡང་ལྷ་མོ་ནང་ བཞིན་ང་དང་གཏན་དུ་ཁ་འབྲལ་ངེས་པ་དེ་རེད །