中  文
དགེ་རྒན་མེད་པའི་ཐུན་གཅིག
སྤེལ་དུས།  2015-06-06 16:09:38    རྡེབ་ཚད། 
དགེ་རྒན་མེད་པའི་ཐུན་གཅིག    སློབ་ཁྲིད་གྲོལ་བའི་ཅོང་བརྡ་སྙན་ལྷིང་ལྷིང་དུ་གྲགས་བྱུང་།   སློབ་ཁྲིད་ལ་ཉན་འདོད་མེད་པར་རྣམ་གཡེང་དང་སྒྱིད་ལུག་གི་དབང་དུ་སོང་བའི་སློབ་གྲོགས་ཐམས་ཅད་ཀྱི་རྣམ་རིག་དེ་མ་ཐག་གསལ་དྭངས་སེར་སོང་ཞིང་།  མགོ་ཀྲོག་ཀྲོག་དང་།  མིག་རིག་རིག་བྱེད་བཞིན་དགེ་རྒན་གྱིས་སློབ་ཁྲིད་གྲོལ་ཞེས་ཨེ་ཟེར་ལ་ལྟོགས་པའི་ཟས་་དང་སྐོམ་པའི་ཆུ་ལྟར་རེ་སྒུག་བྱེད་བཞིན་ཡོད།   ཅང་མ་འགོར་བར་ཐམས་ཅད་ཀྱི་འདོད་ཐོག་ལ་རྟ་རྒྱུགས་པ་དང་།  ཕྱི་དྲོའི་སློབ་ཐུན་དང་པོ་དེ་ལྟར་རེ་ཞིག་མཇུག་་་་རྫོགས་སོང་།     སློབ་ཁང་གི་ཕྱི་རོལ་དུ་ཅ་ཅོ་དང་འཛེར་སྐད་ཀྱང་རིམ་བཞིན་ཇེ་མང་དུ་ཕྱིན།   མ་རབས་པྲ་ཆལ་གྱི་སློབ་གྲོགས་ཁ་ཤས་ཤིག་རྩེད་འཇོ་ཡི་རྒྱ་མཚོར་ལྷུང་སོང་།  སློབ་ཁྲིད་ཀྱི་ཚོགས་བརྡ་གྲགསཔའང་ཐོས་འཛིན་རྣ་བ་དང་བྲལ་ནས།ད་དུང་སྨྱོན་པ་ཇི་བཞིན་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་ཡོད།  གར་འོང་མི་ཤེས་དགེ་རྒན་ཐོན་ཐལ་ཞེས་པའི་ཚིག་གཅིག་གིས་འུར་སྒྲའི་ཁེངས་བའི་སློབ་ཁང་དེ་རེ་ཞིག་དལ་ཅག་གེར་བུད་སོང་།   སྐར་མ་ལྔ་ཙམ་འགོར་སོང་།  དགེ་རྒན་ཞིག་གི་གྲིབ་མ་ཡང་མཐོང་མ་བྱུང་།  སློབ་ཁང་གྲུ་བཞི་འདི་སླར་ཡང་རྒྱན་རྩེད་ཁང་ཞིག་དང་འདྲ་བར་དགོད་སྒྲ་དང་གི་སྒྲ།   སྨྲེ་ངག་འདོན་པའི་སྒྲ་བཅས་ཀྱིས་ཁེངས་སོང་།  མི་སེམས་ཀྱི་འགྱུར་ལྡོག་ནི་ནམ་མཁའི་གློག་དང་མཚུངས་ཟེར་བ་ཅིས་མི་བདེན།  སློབ་ཁྲིད་ལ་གྲ་སྒྲིག་བྱས་ནས་བསྡད་ཡོད་པའི་སློབ་གྲོགས་ཁ་ཤས་ཤིག་ཀྱང་རྐང་རྩེད་སྤོ་ལོ་རྩེ་རུ་ཕྱིན་སོང་།   ལས་བྱ་མགོ་བོའི་སྐྲ་ལྟར་མང་ན་ཡང་སྣང་དོགས་དང་སེམས་ཁུར་སྤུ་ཙམ་ཡང་མེད་པར་དེ་ལྟར་བུད་སོང་།   ཤུལ་དུ་ཡོད་པའི་སྤོ་ལོ་དང་རྩལ་སྦྱང་ལ་མི་དགའ་བའི་སློབ་གྲོགས་བུ་མོ་ཚོ་ཡང་སྐོར་དང་སྐོར་བྱས་ནས་སྙིང་བོ་མེད་ པའི་ལབ་གླེང་བྱེད་མགོ་བརྩམས།   ལས་བྱ་སོ་ནང་གི་འབུ་སྲིན་དང་།  མིག་ནང་གི་འཚེར་མ་ལྟར་འཛིན་པའི་སློབ་གྲོགས་སྐོར་ཅིག་གིས་ལས་བྱ་འབྲི་ཆེད་སྐེ་ཤ་ཨོལ་འཐེན་གྱིས་གཞན་ལ་ཞུ་བ་བྱས་ནས་འབྲི་ཐབས་ཙམ་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་སོང་།  མིའི་སྙིང་རུས་ཉམས་ན་ལ་རྒྱ་འཆོར།  རྟའི་ཤ་ཁ་ལྷུང་ན་བང་རྩལ་འཆོར་ཟེར་བ་སློབ་གྲོགས་འདི་དག་ལ་བཤད་པ་མ་ཡིན་ནམ།   དེ་ལྟར་ཧབ་ཆ་དང་ཀུ་རེའི་ཁྲོད་དུས་ཚོད་མང་པོ་ཞིག་སྐྱེལ་མ་བྱསསོང་།         སྐྱེས་སྟོབས་ཀྱི་ཤེས་རབ་དམན་པ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་ཞན་པའི་ང་ཚོ་ཕྱི་བལྟས་དམག་གི་བཙན་རྫོང་དང་ནང་བལྟས་རྒྱལ་བོའི་ཕོ་བྲང་ལྟ་བུའི་སློབ་གྲྭ་འདི་རུ་ཡོང་བ་ནི་དྲིན་ཕ་མ་དང་དགེ་རྒན་གྱི་ཆེད་དུ་ག་ལ་ཡིན།  ཡིན་ཡང་བློ་གསལ་འདི་ཚོ་གངས་རིའི་རྩེ་ལ་སྙེགས་མ་འདོད་པར་སློབ་ཐུན་གཅིག་གམ་སྐར་མ་ཞེ་ལྔའི་ནང་དུ་ཚིག་འབྲུ་གཅིག་ཙམ་ཡང་དྲན་བའི་ཡིད་ལ་མ་བཟུང་བར་ཡོད་ཚད་འདི་ལྟར་བརླག།   འདི་ལྟར་ཉི་མ་གཏོང་ཐབས་ཙམ་བྱས་ན་དབྱར་གསུམ་གྱི་ཆར་བར་མི་འཛེམ་བ་དང་དགུན་གསུམ་གྱི་གྲང་ངར་ལ་མི་འཇིགས་པའི་ཕ་མའི་ཞལ་ངོར་ཇི་ལྟར་བལྟ།དེ་བས་སློབ་གྲོགས་ཚོ།  གོ་ཁ་དྲོན་མོ་རང་གི་ལག་དང་མགོ་ནག་སྐྱིད་སྡུག་གནམ་གྱི་ལག་ཡིན་པས་མ་འོངས་བའི་མདུན་ལམ་གྱི་ཆེད་དུ་ཧུར་བརྩོན་བྱོས་བང་། དམའ་གཉིས་འཛིན་གཅིག གཡང་མོ་སྐྱིད།