中  文
ཉིན་མོ་དེར།
སྤེལ་དུས།  2015-06-06 16:10:50    རྡེབ་ཚད། 
ཉིན་མོ་དེར། དམའ་གསུམ་འཛིན་གཉིས། གནམ་མཚོ་རྒྱལ།      འཁོར་བའི་ཁྲོད་ཀྱི་བྱ་དངོས་ལ་ལ་ནི་ནམ་ཡང་ང་ཚོའི་དྲན་པའི་འཁོར་བསྐྱོད་ཀྱི་རྒྱུ་ལམ་ཁྲོད་དུ་སྐར་ ཆེན་བཞིན་གསལ་ལ། ལ་ལ་ནི་ནམ་ཡང་རབ་རིབ་ཏུ་གྱུར་ཡོད།    རེད་ཡ།  ངའི་དྲན་པའི་ཡོལ་རས་ངོས་སུ་གཏན་དུ་ས་རྡུལ་བཞིན་ཆགས་ཤིང་ཉི་འོད་བཞིན་ཕོག་པའི་འདས་དོན་ཞིག་གསལ་ལེར་ཤར་འདུག  དེ་དང་བསྟུན་ནས་ངས་ཨ་མའི་སེམས་ཁམས་དངོས་མ་ཞིག་རྒྱུས་ལོན་བྱེད་ཐུབ་པ་བྱུང་ལ།  དུས་རྒྱུན་ཁོ་མོས་ང་ཚོའི་ཆེད་དུ་བློས་བཏང་བའི་བྱ་བཞག་ཕྲན་ཚེགས་དེ་དག་ང་ཚོས་སྣང་མེད་དུ་འཇོག་པའི་སྣང་ཚུལ་འདི་ལའང་ཐོག་མའི་བསམ་གཞིགས་ཤིག་ཀྱང་གཏོང་ཐུབ་པ་བྱུང་།   དེ་བས་ང་ཡིས་སྔར་སོང་གི་ལོ་ཟླ་ལ་ཕྱིར་མིག་གིས་ལྟ་བཞིན།   ཕྱིར་དྲན་གྱི་སྨྱུག་རྩེ་ཕྲ་མོ་འདི་ནས་བརྡོལ་ དགོས་བྱུང་།   དེ་ནི་སྟོན་ཁའི་ཉིན་མོ་ཞིག་སྟེ།   སྔོ་སང་སང་གི་ནམ་མཁའི་དབྱིངས་སུ་སྤྲིན་བྱེའུ་མགོ་ཙམ་ཡང་མེད་ལ།  རྟ་བདུན་དབང་བོའི་འོད་ཟེར་གཞི་ཁྱོན་ཆེ་བའི་ནོར་འཛིན་སྒེག་མོའི་སྟེང་དུ་འཕྲོས་ཡོད།  སྐབས་དེར་ང་རང་དགའ་སྤྲོའི་ངང་ནས་སློབ་གྲྭ་ནས་ཁྱིམ་དུ་ལོག་པ་ཡིན།  རྒྱ་སྲང་ནས་སྡེ་འདབས་བར་ཏུ་ཆུ་ཚོད་གཅིག་རིང་གི་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ནས་འགྲོ་དགོས་པས།  དཀྱོགས་མང་པོའི་ལམ་སྣེ་རེ་རེ་ནས་རླངས་འཁོར་ལ་གནོད་པའི་སྣང་ཚུལ་ཐེངས་མང་བྱུང་བས།  གསལ་ལ་དྭངས་པའི་ཀླད་ཆེན་ཡང་རབ་རིབ་ཏུ་གྱུར།   ཡིན་ནའང་།  ཅུང་མ་འགོར་བར་ཨ་མ་དང་ལྷན་འཛོམས་བྱུང་དགོས་བསམ་ཚེ་རླངས་འཁོར་ལ་གནོད་པའི་ཚུལ་དེ་གནད་དོན་ཆེ་རུ་མ་བསམ་པར་སེམས་པ་ཕྲ་མོ་དགའ་ལྷང་ལྷང་གི་རེ་བས་ཁེངས།   རླངས་འཁོར་ལས་བབས་པ་དང་དཔེ་ཁུག་ལྗིད་མོ་དེ་ཕྲག་ཏུ་ཁུར་ནས་ཁྱིམ་གྱི་སྒོ་ཁར་ཐོན་དུས་ངས་ ཐོག་མར་མཐོང་བ་ནི་རྒྱ་སྒོ་སེར་སྐྱ་བོ་དེ་ལ་ཟྭ་ཆེན་ནག་རོག་གེར་རྒྱབ་ཡོད་པ་དང་སྒོ་སྲུབས་སུ་བྱི་ལ་ཡིས་ད་དུང་མེ་བོ།       མེ་བོ་ཟེར་བཞིན་པ་ཐོས་བྱུང་།  ར་འགྲམ་གྱི་སོ་ཕག་རིམ་པར་བརྩེགས་ཡོད་པ་དེའི་སྲུབས་ལ་བལྟས་ཙ་ན།   ཟ་ཆེན་གྱི་ལྡེ་མིག་གི་མཇུག་ཏུ་བཏགས་ཡོད་པའི་ཐིག་ལེ་དམར་པོའི་ཕྱེད་ཀ་མཐོང་བྱུང་། དེའི་སྟེང་དུ་ད་དུང་ཚིལ་དྲེགས་ཤིག་ཆགས་མེད་ན་གླེང་ནས་ཅི་བྱེད།   དུས་དེར།      ང་རང་ཁོང་ཁྲོ་རབ་ཏུ་ལངས་ནས་དཔེ་ཁུག་ཕར་ལ་གཡུགས་རྗེས།  ཨ་མ་འཚོལ་དུ་འགྲོ་རྩིས་བྱས།  གཡུལ་ཁའི་ནང་དུ་སླེབས་དུས།  བ་མོས་ཀྱང་།  མོ།  མོ་ཟེར་བཞིན་སྙིང་རྗེ་བའི་ངོ་གདོང་ངའི་ཕྱོགས་སུ་གཏད་བྱུང་།  ད་ཅི་བྱེད།   ཁ་ཡ་མ་བྱས་ན་བ་མོ་ཡང་སྙིང་རྗེ་བསམ་ནས་རྩྭ་ཁང་དུ་སོང་སྟེ་རྩྭ་སྐྱ་སྦུགས་འཐེན་བྱེད་ཞོར་ཁེར་བཤད་འདི་ལྟར་ལབ།   ཨ་མ་འདི་གང་དུ་སོང་བ་ཡིན་ནམ།  བྱི་ལ་ནང་དུ་བཅུག   བ་མོར་རྩྭ་ཡང་མི་འཕེན།   ལྡེ་མིག་ལ་བདག་འཛིན་ལེགས་པོ་མི་བྱེད།   ད་ཡང་ཨ་ཕྱི་ཚང་ལ་མྱུལ་དུ་སོང་བ་ཁོ་ཐག་རེད། སྙིང་ལངས་བ་ཨང་།  སྐབས་དེར།  གནམ་ངོ་རིམ་བཞིན་ཇེ་རིབ་ཏུ་གྱུར།  བལྟས་ཚོད་ཀྱིས་ཆར་ཆེན་ཞིག་འབབ་རྒྱུ་ཡིན་པ་འདྲ།   མྱུར་ཏུ་གོམ་ཁ་བསྐྱེད་དེ་ཨ་ཕྱི་ཚང་ལ་ཨ་མ་འཚོལ་དུ་སོང་།   ཡིན་ཡང་ཨ་ཕྱིས་བཤད་པ་ལྟར་ན།   ཨ་མས་སྔ་མོ་ནས་ཟོར་བ་ཞིག་བཟུང་ནས་རྩྭ་རའི་ཕྱོགས་སུ་བུད་ཐལ་ཟེར།  ཚུལ་དེ་ཐོས་འཕྲལ་ང་་་་རང་ཧད་དེ་སངས་སོང་།  མྱུར་དུ་ཨ་ཕྱིའི་ལག་ནས་ཆར་གདུགས་ཤིག་གཡར་ནས་རྩྭ་ར་ལ་ཁ་ཕྱོགས་ཏེ་རྒྱུག སྡེ་བའི་རྩྭ་ར་ནི་རི་འདབས་ཀྱི་ལུང་ཆེན་ཞིག་གི་ནང་དུ་བསྐོར་ཡོད་པས་བགྲོད་ལམ་ལ་ཀྱག་ཀྱོག་ཤིན་ཏུ་ཆེ།   ལམ་སྐེད་ཙམ་ལ་ཐོན་ཚེ་དབྱར་སྐྱེས་རྔ་སྒྲ་ལྡིར་ལྡིར་ཏུ་གྲགས་ཤིང་ཆར་བ་ཆེན་པོ་ཤག་ཤག་ཏུ་བབས།   མི་་་འདོད་ཆར་རླུང་སྨྱོན་པ་ཞིག་གིས་ངའི་ལག་ཏུ་ཐོགས་པའི་ཆར་གདུགས་ཡང་ཡང་ཕྱིར་འཕྲོག་བྱེད་པར་མ་ཟད།ད་དུང་ང་ལ་ཆར་བའི་རྡུང་རྡེག་ཚབས་ཆེན་མྱངས་སུ་བཅུག  ཡིན་ནའང་།  སེམས་ནས་ཨ་མ་འདིས་ཅི་ཞིག་བྱེད་ཀྱིན་ཡོད་དམ་སྙམ་བཞིན།  མུ་མཐུད་དུ་ཆར་འདམ་དྲག་པོའི་ཁྲོད་ནས་རེ་འགར་ཐང་ལ་འགྱེལ་ཞིང་རེརེ་འགའ་ཡར་ལངས་ཏེ་གོག་མ་ནུར་དང་བཅས་ལམ་ལ་ཆས།  སྐབས་དེར་ངའི་མིག་ཟུང་གཉོམ་པོས་མདུན་གྱི་རབ་རིབ་ཏུ་གྱུར་ཡོད་པའི་སྨུག་སྤྲིན་སྲབ་མོའི་ཁྲོད་ནས་ང་དང་འདྲ་བའི་འདམ་བག་གིས་བརྫིས་པའི་མི་ ཞིག་གིས་རྒྱབ་ཏུ་རྩྭ་ཤོག་ཆེན་པོ་ཞིག་ཁུར་ནས་ཤག་ཤག་གི་སྒྲ་དང་བཅས་གོམ་ཁ་ངའི་ཕྱོགས་སུ་བསྒྱུར་བྱུང་ བ་མཐོང་།  ཨ་མའི་སྣང་བརྙན་ནི་ངའི་སེམས་པའི་གསང་ཁང་ལ་དམ་པོར་བཅུག་ཡོད་པས།  དེ་ནི་ཨ་མ་མིན་ན་སུ་ཡིན། མོ་ངའི་གམ་དུ་སླེབས་ཚེ་མོའི་ལུས་ཡོངས་ཆར་གྱིས་བངས་ཤིང་འདམ་གྱིས་བརྫིས་པ་མ་ཟད། ཁུར་བོ་ཆེན་པོ་ཞིག་ཐེག་ལ་མི་ཐེག་ཏུ་ཡོད་ནའང་། རང་ཉིད་ལ་སྣང་དོགས་སྤུ་ཙམ་ཡང་མི་བྱེད་པར། ཨ་གཅེས་ཕྲུག་མ།  ཁྱོད་ཀྱིས་ཡུལ་ནས་སྒུག་མི་འདུག་པར་འདིར་ཡོང་ནས་ཅི་བྱ།  ངའི་བུ་མོས་དཀའ་ལས་མྱངས་སོང།  སློབ་གྲྭ་ན་ཡོད་དུས་ཆམ་པ་འདྲ་མ་ཕོག་གམ།  ཕོ་བ་མ་ལྟོགས་སམ།  མ་གཞི་ཨ་མ་ངའང་ཁྱེད་ལེན་དུ་ཡོང་བསམ་མོད།   འོན་ཀྱང་སྒོ་ཕྱི་ཁྱིམ་བར་ནས་ཁོམ་སོང་ཟེར་བ་ཞིག་མི་འདུག་པས་ང་ཡོང་མ་ཐུབ་པ་རེད། ཞེས་ང་རང་མོའི་བྲང་ལ་དམ་དུ་སྦྱར་ཅིང་མགོ་ལ་བྱིལ་བྱིལ་ཡང་ཡང་བྱེད་ཞོར་དེ་ལྟར་བརྗོད། རེད་ཡ།  བར་སྐབས་དེའི་ཨ་མའི་སྣང་བརྙན་རེ་རེ་དང་སྐད་ཆ་རེ་རེ་ལ་དེ་འདྲའི་དྲི་མ་མེད་ལ་བརྩེ་བ་ཟབ་པས།  ངས་ཕྱིར་ལན་འདེབས་རྒྱུ་ཕར་ཞོག   གློ་བུར་ཏུ་སེམས་ནས་ནོངས་འགྱོད་ཆེན་པོ་ཞིག་སྐྱེས་པ་དང་ཆབས་ཅིག་དུང་བ་ཟབ་མོ་ཞིག་གིས་ངའི་མིག་ཆུའི་ཕྲེང་ཐག་རེ་རེ་རང་དབང་མེད་པར་མཁུར་ཚོས་བརྒྱུད་་་་ནས་ས་ལ་ལྷུང་། འདི་ནི་ཅི་འདྲའི་བརྗེད་དཀའ་བའི་ཉིན་མོ་ཞིག་རེད་ཨང་།  ཉིན་མོ་དེར།  ངས་གཞི་ནས་རྟོགས་སོང།   ཨ་མས་ང་ཚོས་མི་མཐོང་བའི་གནས་མལ་རེ་རེ་ནས་ང་་་ཚོའི་འཚོ་བ་ལ་ངང་གིས་བདེ་སྐྱིད་སྐྲུན་བཞིན་ཡོད་མོད།  འོན་ཀྱང་།   སུ་ཞིག་གིས་རང་གི་ལག་ཟུང་བྲང་ལ་སྦྱར་ནས་དེའི་སྐོར་ལ་ཞིབ་ཕྲའི་བསམ་བློ་བཏང་མྱོང།            ཉིན་མོ་དེར།  ངས་གཞི་ནས་ཚོར་བྱུང་།   མ་གཞི་དྲིན་མ་ལོའི་སེམས་པ་ནམ་ཡང་ང་ཚོའི་བདེ་སྡུག་ལ་ཕྱོགས་ཤིང་།  ང་ཚོའི་མི་ཚེ་ལ་ཐོགས་ཡོད།  ཡིན་ན་ཡང་།  སུ་ཞིག་གིས་ཁོ་མོའི་ཕྱོགས་ཀྱི་སེམས་ཁམས་ལ་རྒྱུས་ལོན་ཕྲན་ཙམ་བྱས་མྱོང།   ཉིན་མོ་དེར་ངས་གཞི་ནས་ཚོར་བྱུང་།   ཨ་མས་ང་ཚོའི་ཆེད་དུ་འབྱུང་བ་བཞི་ཡི་རྡུང་རྡེག་ལ་འཛེམ་པ་མེད་པར་རང་གི་ཡོད་ཚད་བློས་གཏོང་བཞིན་ཡོད་མོད།  འོན་ཀྱང་།     སུ་ཞིག་གིས་ཁོ་མོས་དཀའ་སྡུག་མྱོང་བའི་སྣང་ཚུལ་ལ་བལྟས་ནས་མིག་ཆུ་ཐེངས་ཤིག་བཞུར་མྱོང་ཨང་། ་