中  文
ཆུང་གྲོགས་ལ་སྤྲིངས་པའི་འཕྲིན།
སྤེལ་དུས།  2015-06-06 16:13:08    རྡེབ་ཚད། 
ཆུང་གྲོགས་ལ་སྤྲིངས་པའི་འཕྲིན། མི་ལོ་བཅུ་ཕྲག་རིང་གི་སྔོན་དེར།   འུ་གཉིས་ཆུང་ཆུང་བྱིས་པ་གཉིས་ཡིན་ཞིང་ཕན་ཚུན་བློ་མཐུན་ལ་སྙིང་ཉེ་བའི་ཚུལ་དེ་དྲན་ནམ། ནམ་རྒྱུན་ངེད་ཚང་གི་སྒོ་འགྲམ་གྱི་གྲུ་གའི་ནང་སོ་ཕག་གིས་ཁང་བ་ལས་ཏེ། ཁྱེད་ཚང་ལ་ནོར་མང་བའི་སྟབས་ཀྱིས་རྡེའུ་ནག་པོ་མང་པོ་ཞིག་སོ་ཕག་གིས་ལས་བའི་ར་བའི་ནང་བཅུག་པ་དང་།ངེད་ཚང་ལ་ལུག་མང་ཟེར་ནས་རྡེའུ་དཀར་པོ་མང་པོ་ཞིག་ཀྱང་ར་བའི་ནང་བཅུག  དེ་ལྟར་ཉིན་རེ་བཞིན་རྩེད་མོ་སྣ་ཚོགས་ལ་རོལ་ནས་ལོ་ཟླ་མང་པོ་འདས།   ཡང་ཅུང་ཙམ་ནར་སོན་རྗེས།   འབྱོར་བ་ལྡན་པའི་ཁྱིམ་ཚང་འགའ་ཡིས་བརྙན་འཕྲིན་ཉོས་ནས་དེའི་ནང་དུ་བརྙན་འཕྲིན་ཟློས་གར་སྣ་ཚོགས་གཏོང་བཞིན་ཡོད་ལ་འུ་གཉིས་ཀྱིས་ཀྱང་རེ་ཞིག་སོ་ཕག་བསྒྲིགས་ནས་ ནོར་ལུག་འཚོ་བའི་རྩེད་མཚམས་བཞག་ནས།   རིམ་བཞིན།   རང་རྒྱལ་གནའ་རབས་ལོ་རྒྱུས་སྟེང་གི་རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་ལས།   མི་སྣ་གྲགས་ཅན་འགའ་ལ་ལད་མོ་བྱས་ཏེ།   ཁྱེད་ནི་བློ་རིག་ལྡན་ཞིང་འཐབ་ཇུས་ལ་མཁས་པའི་ཀྲའོ་ཀི་ལིང་དང་།  ང་ནི་དཔའ་མཛངས་རྟུལ་ཕོད་ཅན་གྱི་ཀྲིག་ཡུས་བྱས་ཏེ།  ཁྱེད་ཀྱིས་ལག་ལ་བསིལ་ཡབ་ཅིག་བཟུང་ནས་ཇི་འདྲའི་རླབས་ཆེ་བའི་འཕྲིན་ལས་ཞིག་བསྒྲུབས་པར་མནོ་བསམ་གཏོང་བཞིན་ཡོད་ལ།   བདག་གིས་རལ་གྲི་ངོ་གཉིས་མ་ཞིག་ལག་ཏུ་བཟུང་ནས་དགྲ་བོའི་ཚུར་རྒོལ་ལ་དོགས་ཟོན་བྱེད་པའི་ཚུལ་གྱིས་གཟི་ཉམས་བཏོད།  ཡང་སྐབས་འགའ་རེར་ཁྱེད་ནི་རང་རྒྱལ་གྱི་ཉེས་རབས་ལོ་རྒྱུས་སྟེང་གི་ཨ་རི་ལ་འགོག་རྒོལ་བྱེད་པའི་དམག་འཁྲུག་སྐབས་བྱུང་བའི་འཐབ་མོ་བ་གྲགས་ཅན་ཆིག་ཧྲའོ་ཡོན་བྱས་ཏེ།   རང་ཉིད་མེས་འཚིག་ན་ཡང་མི་འགུལ་ཁུལ་བྱེད་པ་དང་།   བདག་ཀྱང་དཔའ་བོ་ཧོང་ཅི་ཀོང་བྱེད་པ་དང་རང་ཉིད་ཀྱི་ལུས་པོས་དགྲ་བོའི་མདེའུ་བཀག་སྟེ་དགྲ་བོའི་འཐབ་ར་བཀད་ནས་རྒྱལ་ཁ་་ཐོབ་པའི་ཉམས་འགྱུར་བསྟན།          དུས་ད་ལྟ།       ཕྱིར་འདང་ཞིག་བརྒྱབ་ཚེ།ཆུང་དུས་ཀྱི་བྱ་བ་ཐམས་ཅད་ནི་ཅི་འདྲའི་དགོད་བྲོ་ལ།   ཇི་འདྲའི་བརྗེད་ཐབས་བྲལ་བའི་འདས་སོང་གི་གཏམ་རྒྱུད་ཅིག་རེད་ཨང་།   ཆུང་བྱིས་པའི་དུས་སུ་ངེད་གཉིས་རྩེད་འཇོ་ལ་རོལ་དུས་ཀྱང་མི་དཔའ་མཛངས་ཅན་ལ་ཡིད་སྨོན་འཆོར་ཞིང་།     དྲང་བདེན་དང་གཞན་ཕན་ལ་རྗེས་སུ་ཡི་རང་བྱེད་བཞིན་ཡོད་པ་ཤེས་ཐུབ།   གཏམ་རྒྱུད་དེ་དག་གི་ཁྲོད་དུ་བདག་ལ་ཆེས་སྙིང་ཁོང་ན་བརྗེད་ཐབས་བྲལ་བའི་མི་ཞིག་མཆིས་ཏེ།      དེ་ནི་ཁྱོད་མ་ཡིན་ནམ།    འཇམ་དབྱངས་མགོན་པོ།  འུ་གཉིས་ནི།         མི་ཚེ་མདུན་ལམ་མ་གཅིག་སོ་སོར་གྱེས། ། མི་ཚེ་གདམ་ཀ་མ་གཅིག་ཁ་ཁར་སོང་།།    མི་ལོ་ལྔ་དྲུག་རིང་གི་གྱེས་ བྲལ་དུ༎ མི་བུ་མགོ་སྟོང་ཞིག་གིས་གྲོགས་ཁྱེད་ལ༎      མི་སེམས་མཐུན་པའི་འཕྲིན་འདི་སྤྲིངས་པ་ལགས༎ དམའ་གཉིས་འཛིན་གཉིས། ནོར་བུ་རྒྱལ།