中  文
ཨ་ཕ།
སྤེལ་དུས།  2015-06-06 16:14:37    རྡེབ་ཚད། 
ཨ་ཕ། མི་སུ་དང་སུ་ཞིག་ཡིན་རུང་དེ་ལ་རླབས་ཆེན་དང་གཟི་བརྗིད་ལྡན་པའི་ཡབ་ཆེན་རེ་ཡོད།           བདག་གི་ཨ་ཕའི་མིང་ལ་བཀའ་འབུམ་རྒྱལ་ཟེར་ཞིང་།   ཁོ་ད་ལོ་ལོ་སུམ་ཅུ་སོ་གཉིས་ཡིན།  ཁོར་གནག་ཅིང་སྣུམ་པའི་སྐྲ་ལོ་ཞིག་དང་སྦྲང་མའི་འདྲེན་བྱེད་འཚེར་འདྲའི་མིག་ཟུང་དང་དུང་ལྟར་དཀར་བའི་སོ་ཕྲེང་བསྟར་ཡོད།   ངའི་བསམ་པར་ཡུལ་མི་གཞན་དག་དང་བསྡུར་ཚེ་ཁོའི་བློ་རྒྱ་དགུང་སྔོན་དབྱིངས་ལས་ཀྱང་་་་་་་ཡངས་པར་འདོད་དེ། གཤམ་གྱི་གཏམ་རྒྱུད་ཐུང་ཐུང་འདི་ལས་ར་སྤྲོད་བྱེད་ཐུབ།   ཉིན་དེའི་སྔ་མོར་སྐྱ་རེངས་གསལ་མ་ཐག་ནམ་མཁའ་གཡའ་དག་ཅིང་ས་གཞིའི་རྡུལ་དག  ཨ་སྔོན་་་་་་་དབྱིངས་སུ་སྤྲིན་བྱེའུ་མགོ་ཙམ་ཡང་མེད་པར་དྭངས་ཤལ་ལེར་འདུག་ཅིང་།     ང་རང་ཡང་སྐྱེ་དངོས་ཡོད་རྒུ་ཚང་མལ་གཉིད་ཀྱི་བདེ་བ་ལས་སད་པ་དང་མཉམ་དུ་མལ་ལས་ལངས་ཏེ་ཁ་ལག་བཀྲུས་ཚར་རྗེས་རྒྱུན་ཆགས་ཀྱི་་གོམས་སྲོལ་ལྟར་ངེད་ཚང་གི་ས་ཐོའི་དཀྱིལ་དུ་བསང་དུད་ལང་ལོང་ཨ་སྔོན་དབྱིངས་སུ་འཐེན་པ་ལྟ་བུའི་ བསང་ཕུད་ཆབ་གཏོར་གྱི་བགྱི་བ་ཚར་རྗེས།   ནངས་ཇ་སྟབས་བདེ་ཞིག་ཁྱེར་ནས་ངེད་ཚང་གི་གཡང་དཀར་ལུག་དེད་དེ་ཡངས་ཤིང་རྒྱ་ཆེ་བའི་ཀ་ཙེ་ཐང་དུ་སོང་།        ཨ་སྔོན་ཐང་ལ་ལྷུང་འདྲའི་ཀ་ཙེ་ཐང་ནི་ལྷ་རིས་ཀྱི་པིར་སྨྱུག་ལས་བཞེངས་པའི་དག་ཞིང་གི་གནས་་་་་་་མཆོག་ཅིག་དང་འདྲ་བར་མེ་ཏོག་དཀར་དནམར་ཁྲ་གསུམ་རྣམ་པར་བཞད་ཅིང་།  བྱ་བྱེའུ་འདྲ་མིན་སྣ་ཚོགས་་་ཀྱིས་དྲི་ཟའི་དབྱངས་ལ་ཅོ་འདྲི་བ་ལྟ་བུའི་གསུང་སྐད་སྙན་མོ་བར་སྣང་དབྱིངས་སུ་བསྐུར་བས་ཀུན་ཡིད་དུ་སྤྲོ་བ་སྦྱིན་འོང་།  ལྷག་པར་ཕྱུགས་རྫི་ཉམས་མྱོང་ཅན་རྒན་པ་འགས་སྤྲིན་དཀར་མདངས་ལ་འཁུ་བའི་གཡང་མོ་་་ལུག་དང་རྩིད་པ་འཇིལ་ལིར་ཆགས་པའི་ནོར་ནག་གི་ཁྱུ་ཚོགས་མེ་ཏོག་གི་ཚོམ་བུ་བཞི་སྐོར་དང་སྐོར་བྱས་ཏེ་ཐང་ཡངས་མོར་བག་བདེ་སྤྲོ་སྐྱིད་དུ་འཚོ་སྐྱོང་བྱེད་ཞོར་སྨྱུག་གླིང་གི་གདངས་འགྲོས་དང་གླུ་ཆུང་གི་འགྱུར་་་་ཁུགས་གཉིས་སྡེབ་ལ་སྦྱར་ནས་སིང་སིང་དུ་བཏང་བ་ན།  ཀ་ཙེ་ཐང་ལ་སྔར་ལས་ཀྱང་མཛེས་སྡུག་ལྷུན་གྱིས་་་་་གྲུབ་པའི་དཔལ་ཡོན་གསར་བ་ཞིག་ཤར་འདུག མིག་དབང་བསོད་ནམས་ཅན་པོས་ཕུན་ཚོགས་མཛེས་ལྗོངས་ལ་ཆགས་ནས་ཉིན་གུང་དུས་ཚོད་གཉིས་ལ་ཇི་ལྟར་ཐོན་པའང་མ་ཤེས།  ང་རང་ཚབ་ཚུབ་ངང་གཡང་དཀར་ལུག་གི་ཁ་ཕྱིར་ལེན་དུ་སོང་བར་མ་མོ་མ་བུ་གཉིས་གཞན་གྱི་རྩྭ་རའི་ནང་དུ་ལྡང་འདུག  དེ་མ་ཐག་ང་རང་ཞེ་སྡང་དང་སྐྲག་དངངས་འདྲེས་མས་ཐང་དུ་རྡོ་ཞིག་བླངས་ནས་རེངས་པོར་འཕངས་པར་སྟབས་མ་འགྲིག་པར་མ་མོ་ནག་ཐོ་མའི་འཁྲིས་ཀྱི་ལུ་གུ་ཆུང་ཆུང་དེའི་སྟེང་དུ་འཁེལ་ནས་སར་འགྱེལ་བྱུང་།   ཐང་གི་རྡོ་བླངས་ནས་རུམ་གྱི་བྲོ་ལྷུང་ཟེར་བ་དངོས་གནས་བདེན་འདུག  ང་རང་དེ་བས་ཀྱང་འཇིགས་སྐྲག་རྟས་མི་ཐེག་པ་ཞིག་སྐྱེས་ཏེ་ལུ་གུའི་གམ་དུ་རྒྱུགས་ནས་ཡར་སྐྱོར།   ལས་བསམ་སར་མ་སོང་གསེག་སར་སོང་ཞེས་པ་ལྟར་ཏག་ཏག་ལུ་གུའི་རྐང་པ་ཡ་གཅིག་ཏུ་ཕོག་སྟེ་དམར་ཙར་ཙར་གྱི་ཁྲག་ཀྱང་བཞུར་བཞིན་འདུག དེ་ནས་ངས་ལུག་རྣམས་ཕྱོགས་གཅིག་ཏུ་བསྐྱིས་ནས་ཨ་ཁུ་བཟོད་པར་བཅོལ་གདམས་བྱས་རྗེས་མྱུར་མོར་ལུ་གུ་དེ་པང་སྟེ་ཡུལ་ལ་ལོག   སྦྲ་འདབས་སུ་སླེབས་དུས་ཨ་ཕས་ཅི་བྱུང་སྙམ་ནས་ངའི་སྔུན་དུ་རྒྱུགས་མ་འདུར་གྱིས་སླེབས་བྱུང་།  སྐབས་དེར་ངའི་སྙིང་ནི་རྔ་རྡུང་བ་བཞིན་ལྟིག་ལྟིག་ཏུ་ལྡིང་ཞིང་ཕལ་ཆེར་སྙིང་ཆུང་ཁུ་ཚུར་འདྲ་བ་དེ་ཁ་ནང་ནས་ལྷུང་ལ་ཁད་བྱེད།   བློ་ཡུལ་ལས་འདས་པ་ཞིག་ལ།   ཨ་ཕས་ལུ་གུའི་རྐང་པ་རྨས་ནས་ནུས་ཤུགས་ཉམས་པ་རིག་སྟེ་མྱུར་མོར་ལུ་གུ་སྐྱོར་བ་ལས་ང་ལ་སྡིགས་དམོད་ཀྱི་ཚིག་འབྲུ་གཅིག་ཀྱང་མི་བཤད་པར།  ད་དུང་སེམས་གསོའི་ཚུལ་དུ་རྗེས་ཕྱོགས་བྱ་བ་ཅི་ཞིག་་སྒྲུབ་ན་ཡང་སེམས་ཆུང་བྱེད་དགོས་ཞེས་བཤད་པར།  ངའི་སེམས་བློང་བློང་བོར་གྱུར་ཏེ་ཕྱིར་དྲིན་ལྡན་གྱི་ཨ་ཕར་ཅི་བཤད་དགོས་པའང་མི་ཤེས་པར་གྱུར།   མཉེས་ཤིང་གཤིན་ལ་བྱམས་བརྩེས་ཁེངས་པའི་སློབ་གསོའི་སྐད་ཆའི་ཚིག་དུམ་གཅིག་གིས་ངས་དངོས་གནས་ཡབ་ཆེན་གྱི་བློ་རྒྱ་དགུང་སྔོན་ལས་ཡངས་པ་གཞི་ནས་ཚོར།  དུས་ད་རག་བར་དུ་ལོ་ངོ་བདུན་བརྒྱད་ཙམ་འགོར་ནའང་།  ཁ་ཏའི་སྐད་ཆ་དེ་དུས་ནམ་ཡང་རྡོ་ལ་རི་མོ་བརྐོས་པ་བཞིན་སེམས་སུ་བཟུང་ཡོད་དོ། །   དམའ་གཅིག་འཛིན་དྲུག མཁའ་འབུམ་རྒྱལ།