中  文
བདེ་སྐྱིད་ཆུ་ཁོལ།
སྤེལ་དུས།  2012-03-10 08:12:04    རྡེབ་ཚད། 

བདེ་སྐྱིད་ཆུ་ཁོལ།

--------སྟག་རིག་འབྲུག་ཐར་ནས

ཕ་བོང་རྡོ་དང་དམར་པོ་བྲག་གི་གཡང་རོང་ན་ཐོ་ལོ་ལོའི་རླངས་པ་འཕྱུར་བ་དང་བསྡོངས་དལ་དལ་ཤག་ཤག་ཏུ་རྒྱུ་བ་ནི་མདོ་སྨད་ཁྲི་ཀའི་ཡུལ་གྱི་བདེ་སྐྱིད་ཆུ་ཁོལ་ཟེར་བ་དེ་རེད།

ཁྲི་ཀ་རྫོང་ནས་ལམ་ཐག་སྤྱི་ལེ༡༣ཙམ་གྱི་མཚམས་སུ་མིང་ལ་བདེ་སྐྱིད་གཞུང་ཟེར་བའི་ལུང་བ་ཆེན་པོ་ཞིག་ཡོད་ཅིང་། ལུང་བ་དེ་རུ་ཆུ་ཁོལ་ཕྱུང་བས་རྟེན་ཅིང་འབྲེལ་བའི་སྒོ་ནས་གནས་དེར་བདེ་སྐྱིད་ཆུ་ཁོལ་ཞེས་པའི་མཚན་མིང་དེ་ལྟར་ཐོགས་པར་བཤད།
གནའ་མིའི་ངག་རྒྱུན་ལ་ཆུ་ཁོལ་འབྱུང་སའི་གཡོན་རི་དེ་ནི་མོ་རི་ཡིན་པས་བདེ་སྐྱིད་ཆུ་ཁོལ་གྱི་ཆུ་ནི་མོ་ཆུ་ཡིན་ལ། ཁྱོན་བསྡོམས་ཆུ་མིག་བརྒྱ་དང་བརྒྱད་ཡོད་པ་རེ་རེ་ཀླུ་ཡུལ་ཁམས་ཀྱི་ཀླུ་མོ་བརྒྱ་དང་བརྒྱད་ཀྱིས་བསྐོལ་བ་ལས་ཆུ་ཚན་རེ་རེ་གྲུབ་ཅིང་། ཆུ་ཚན་རེ་རེ་ལ་ཡན་ལག་བརྒྱད་ལྡན་གྱི་ཁྱད་ཆོས་ཕུན་སུམ་ཚོགས་སྟབས། རྐང་ལག་ཞ་བོ་ཅན་གྱི་མི་ཡིན་ནའང་འདྲ། ཁ་མིག་སྐྱོན་ཅན་གྱི་མི་ཡིན་ནའང་འདྲ། ཐ་ན་དོན་ལྔ་སྣོད་དྲུག་མི་བདེ་བའི་གང་ཟག་མི་རིགས་སོ་སོའི་སྐྱེས་ཕོ་མོ་གང་ཞིག་ཡིན་ཀྱང་མ་བོས་མགྲོན་པོ་བཞིན་གནས་འདིར་མི་འདུས་པ་གཅིག་ཀྱང་མེད་པས་ན། ལྷའི་བདུད་རྩི་ལས་ཁྱད་དུ་འཕགས་པའི་ཆུ་མཆོག་ཅིག་རེད་ཅེས་འུད་ཀྱིས་བརྗོད་ནའང་མི་ཆོག་རྒྱུ་མེད། 
ཕ་མེས་ཡང་མེས་རྣམས་ཀྱི་ཤོད་སྲོལ་དུ་དེ་དུས་ཆུ་ཚན་ལ་སྡོད་པའི་རྒན་དར་གཞོན་གསུམ་རྣམས་རྒྱང་ཐག་རིང་བོའི་ས་ཆ་ནས་མཁོ་དགུའི་བཟའ་བཏུང་གོན་པ་སོགས་རྟ་བོང་ལ་ཁལ་བཀལ་ཏེ་ལམ་གསུམ་འདོམ་གྱིས་བཅད། ཁིས་གསུམ་རྨིག་པས་བཅག་ནས་གནས་མཆོག་འདིར་རྡོག་ཐོན་བྱུང་བ་རེད་ཟེར། སྔོན་ཆད་ཡིན་ན་བདེ་སྐྱིད་གཞུང་གི་ལུང་མདོ་རུ་ཕོ་རྡོ་མོ་རྡོ་ཞེས་པའི་ཕྱེ་རྡོ་ཆེ་ཆུང་གཉིས་ཡོད། གནས་ས་དེ་ནས་ཆུ་མིག་གི་བར་དུ་སྤྱི་ལེ་གཅིག་ལྷག་ཡོད་ནའང་གླང་ཆོས་གདུས་འདྲའི་ཆུ་མིག་བརྡོལ་བའི་ལྷོག་ལྷོག་གི་སྒྲ་དེ་གསལ་ལྷང་ངེར་ཐོས་ཐུབ་པ་ལས་གཞན་བར་སྣང་དུ་རླངས་པ་དུ་སྤྲིན་བཞིན་དགུང་དུ་དཀར་བོང་བོང་མཐོང་ཐུབ་པར་བཤད། 
དེ་དུས་ས་ཆ་སོ་སོ་དང་རྫོང་ཁག་སོ་སོ་ཡང་ན་སྡེ་བ་སོ་སོའི་མི་སྣ་མང་པོ་ཆུ་མིག་གི་ཁར་སླེབས་ཚེ། ངེས་གཏན་གྱི་སྡོད་ཁང་ཟེར་བ་མེད་ལ། གཏན་ཁེལ་གྱི་ས་མཚམས་ཀྱང་མེད་པས། གནས་གང་ལ་འོས་ཤིང་འཚམས་ན་དེ་རུ་བསྡད་ཆོག་ཅིང་། གནས་གང་དུ་བར་སྟོང་ཆུང་ངུ་ཙམ་ཡོད་ཚེ་དེ་རུ་གནས་བཅས་ཆོག
དུས་སྐབས་དེར་ཆུ་ཁོལ་ལ་འདུག་པའི་གྲལ་རིམ་མཐོ་དམའི་མི་སུ་ཡིན་ཡང་ཡོད་ཚད་ཀྱིས་རས་གུར་རྟ་སྒ་མ་ཕུབ་ནས་སྡོད་པ་ལས་ད་ལྟའི་སྡོད་ཁང་བཞིན་བ་གམ་ཁང་བརྩེགས་ཕྱི་རིམ་ནང་རིམ་གསལ་ཞིང་། སྒལ་གཟེངས་སོ་ཕག་ཅན་གྱི་ཁང་བ་སྟར་ཕྲེང་བསྒྲིགས་པས་ཚར་དུ་དངར་བ་ཅན།    མ་ཟད་རྒྱུ་ཅན་གྱི་མགྲོན་པོ་ཁང་བརྩེགས་ཅན་ལས་སྡོད་པ་དང་རྒྱུ་མེད་སྟོབས་ཆུང་ཅན་ཁང་རྙིང་ཅན་ལས་འདུག་པའི་དཔེ་མེད། 
བདེ་སྐྱིད་ཆུ་ཁོལ་གྱི་ཆུ་ཚན་རེ་རེར་ཕན་ཡོན་ཐུན་མིན་ལྡན་པ་སྟེ། གནས་དེའི་བདག་པོ་རྣམས་ཀྱིས་ཀྱང་ཆུ་མིག་རེ་རེ་རབ་ཕྱེ་ནས་མིག་ལ་སྨན་པའི་ཆུ་མིག སོ་ལ་སྨན་པའི་ཆུ་མིག ཕོ་ནད་འཇོམས་པའི་ཆུ་མིག མཁྲིས་ནད་སེལ་བའི་ཆུ་མིག་སོགས་རིགས་བརྒྱ་ཕྲག་ལྷག་ཡོད་པ་ནད་པ་རྣམས་ཀྱི་དགོས་མཁོ་ལྟར་གང་ལ་གང་འཚམ་གྱིས་བསྟེན་དང་སྟེན་བཞིན་ཡོད་པ་རེད།
ཕྱོགས་སོ་སོའི་འགྲུལ་བ་རྣམས་ཀྱིས་ཆུ་ཚན་ལ་རོལ་བར་སྟབས་བདེ་བཟོ་ཆེད། གྲམ་གཞུང་གི་ག་ས་གང་ལ་རྡོ་བརྩིགས་མཐོན་པོ་རེ་བརྒྱབ་སྟེ་ཀླད་དུ་འཕྲེད་ཤིང་བཞག ཐོག་ཏུ་ཆུ་ཤོག་གིས་མནན་ནས་མི་མགོ་གཅིག་གམ་གཉིས་ཙམ་ཆུད་པའི་སར་ཆུ་ཚན་ལ་འཛུལ་ཆོག་པའི་འོས་ཤིང་ལེགས་པོའི་གནས་མལ་བཟོས་ཡོད།   དེ་ལྟར་འཛུལ་ན་ཕྱོགས་གཅིག་ནས་ལུས་ཀྱི་ཟུག་རྔུ་དང་དབང་བོ་སྐྱོན་ཅན་རྣམས་མྱུར་དུ་སོས་པར་རམ་སྐྱོར་གྱི་ནུས་པ་ཐོན་ཡོད་ལ། མ་ཟད་ཕྱོགས་གཅིག་ནས་ཁོ་ཚོ་ཆུར་འཛུལ་ཞོར་རང་རང་སར་རྩེ་གཅིག་སྨོན་ལམ་གྱི་མ་ཎིའི་དབྱངས་རྟ་ངག་ལ་དྲངས་ནས་གྲམ་གཞུང་ཧྲིལ་བོར་ཆོས་སྒྲའི་བར་སྣང་འགེངས་པར་བྱས་ན་སེམས་ཀྱི་སྡིག་སྒྲུབ་དག་པའི་ངེས་ཤེས་གསར་བ་ཞིག་སྟེར་བས་ཡིན་ཟེར། དེའི་མི་ཚད་ཆུ་གཞུང་ཆེ་སར་ཁོ་ཚོ་གང་འདོད་འདོད་དང་ཅི་འདོད་འདོད་དུ་ཆུར་འཛུལ་བའི་སྲོལ་མེད། ཆུར་འཛུལ་སྐབས་ཀྱང་ཕོ་མོའི་གོ་རིམ་ངེས་ཅན་ཞིག་ལྡན་པ་སྟེ། གོང་གི་ཆུ་མིག་གི་གཞུང་ཆུ་ཆེ་སར་སྐྱེས་པ་ཕོ་རྣམས་འཛུལ་ས་དང་ཞོལ་དུ་བསྐྱིལ་བའི་ཆུ་མིག་དེ་རུ་སྐྱེས་མ་བུ་མོ་རྣམས་འཛུལ་སའི་གནས་ཡིན། རྒྱུ་མཚན་དེ་དག་གི་རྐྱེན་པས་ཡར་སྔོན་གྱི་བདེ་སྐྱིད་ཆུ་ཁོལ་ད་གཟོད་བདེ་ཞིང་སྐྱིད་ལ་སྤྲོ་སྣང་གི་ཆ་འདྲེས་པ་ལས་གཞན་ཁོར་ཡུག་ཀུན་དག་ཅིང་གཙང་བའི་རྐྱེན་གྱིས་ངོ་མ་ལྷའི་བདུད་རྩི་ལ་རོལ་སྙམ་པའི་མྱོང་སྣང་སྟེར།
ཡིན་ཡང་། ལོ་ཟླའི་ཕྲེང་རྡོག་གི་འཁོར་སྐྱོད་བར་ནས་མཚན་སྙན་ཕྱོགས་སུ་ལྡིར་བའི་བདེ་སྐྱིད་ཆུ་ཁོལ་གྱི་ཡོད་ཚད་འགྱུར་སོང་། ཆེ་ཕྱོགས་ནས་སྒྲུབ་བྱེད་གསལ་བོ་ཞིག་མ་བཀོད་ན་ཡང་། མིག་མཐོང་ལག་ཟིན་དུ་གྱུར་བའི་ཉེ་འཁོར་ཀུན་ལ་མིག་མྱུལ་ཐེངས་ཤིག་བྱས་ཚེ་སྒྲིག་གཞི་ཉོག་ལ་གོ་རིམ་འཆོལ་བའི་སྡོད་ཁང་གི་ག་ས་གང་དུ་གད་སྙིགས་ཀྱི་ཕུང་བོ་བྱུར་བུར་སྤུངས་ཤིང་། ཉེ་རྒྱང་གང་རུང་ན་གཅིན་སྐྱག་གི་དྲི་མས་ཡོངས་སུ་བསླད་པས། གནས་འདིར་ཐོག་མར་སླེབས་པའི་སྐུ་མགྲོན་ཞིག་ལ་མཚོན་ན་དྲང་ལྡོག་ཕྱོགས་ཀྱི་མཚར་སྣང་བློར་མི་ཤོང་བ་ཞིག་སྐྱེས་པ་གདོན་མི་ཟ། ད་དུང་མིས་བཟོས་གཏོར་བརླག་གི་རྐྱེན་གང་མང་མང་ཞིག་གིས་མི་འགྱངས་པའི་ཡར་སྔོན་གྱི་དག་གཙང་གནས་མཆོག་གི་བདེ་སྐྱིད་ཆུ་ཁོལ་གློ་བ་གློ་བུར་འགྱུར་ལྡོག་ཆེན་པོ་བཟོས་ཡོད་པ་སྟེ། དཔེར་ན། ཆུ་ཚན་གྱི་རྣམ་གྲངས་ཉུང་ལ་ཆུ་ཚན་གྱི་བཞུར་ཤུགས་ཀྱང་ཇེ་ཆུང་ནས་ཇེ་ཆུང་དུ་སོང་བ་མ་ཟད། ཆུའི་ཚ་དྲོད་ཐད་ནས་ཀྱང་མངོན་སུམ་སྒོས་འགྱུར་བག་བྱུང་ཡོད་པ་རེད། ལྷག་པར་དུ་གྲམ་གཞུང་ན་གོ་རིམ་མེད་ཅིང་དྭངས་གཙང་དབེན་པའི་རྙོག་དྲིའི་ཆུ་མིག་གི་ཁྲོད་དུ་མི་བུ་ཆེ་མ་ཆུང་གསུམ་ཚང་མས་ཡིན་མདོག་གིས་སྔ་གཞུག་འཚང་ཁ་རྒྱག་ཅིང་། གནས་ས་འཕྲོག་རེས་ཚུལ་དུ་སྒྲིག་རིམ་མམ་གོ་རིམ་ཟེར་བ་གཏན་ནས་མེད་པ་འདིས་ཀྱང་བདེ་སྐྱིད་ཆུ་ཁོལ་གྱི་འབྱུང་འགྱུར་ལ་གནོད་པ་ཚབས་ཆེན་བཟོས་ཤིང་ཉམས་རྒུད་ཅེས་པའི་ཐ་སྙད་ལའང་བར་ཐག་ཇེ་ཉེ་ནས་ཇེ་ཉེ་རུ་གཏོང་བཞིན་ཡོད་པ་རེད།   དེ་བས་ཀྱང་ཆུ་ཚན་གྱི་འཁྲིས་སུ་དབང་ཐང་མཆོག་དམན་གྱི་མཐོ་དམའི་སྒྲིག་གཞི་མེད་པར་ཁང་བ་སྣ་ཚོགས་པ་འཕྲོ་རིམ་འཕྲོར་བསྟར་ནས་གོང་དུ་ཟ་ཁང་ཡིན་ན་ཞོལ་དུ་ཚོང་ཁང་། བར་དུ་སྐྲ་བཞར་ཁང་། ཡང་ན་གླུ་ཁང་། སྨན་ཁང་། གྲུག་ལྒང་རྩེད་ས། དེ་མིན་མགྲོན་ཁང་ཆེ་ཆུང་སོགས་སྣ་ཚོགས་སུ་གྲུབ་པས། བལྟས་ཚོད་ཀྱིས་གནས་འདི་ནི་གྲོང་རྡལ་ཆུང་ཆུང་ཞིག་མིན་ན་གང་ཡིན་སྙམ་མོད། འོན་ཏེ་གནས་སྐབས་ཙམ་གྱི་ཡོང་སྒོ་དང་འཕྲལ་ཡུན་གྱི་ཁེ་ཕན་ཅུང་ཙམ་རེག་པའི་ཆེད་དུ་རྡིབ་ལ་ཁད་ཀྱི་ཁང་འཁྱོག་ཆ་བོ་མིག་ལ་ཧ་ཅང་མི་སྡུག་པའི་མི་ཚད། ད་དུང་ཡིན་མདོག་གིས་གསར་སླེབས་མགྲོན་པོ་རྣམ་པར་བདག་པོ་ལ་ལས་གཡོ་སྒྱུའི་རྒྱ་རྙི་ཨེན་ཙམ་རེག་པར་ཚོད་ལྟ་ཡང་ཡང་བྱེད།   དེང་སྐབས་སྤྱི་ཚོགས་འཕེལ་རྒྱས་ཟེར་བའི་ཁ་གཡང་ཞིག་གང་སར་སྒྲོག་ནས་འཛུགས་སྐྲུན་རབ་དང་རིམ་པ་བྱེད་བཞིན་ཡོད་ནའང་། བདེ་སྐྱིད་ཆུ་ཁོལ་ཟེར་བ་སྔར་བཞིན་གྲག་མེད་འགུལ་མེད་ངང་ཧོན་འཐོར་བའི་བརྒྱད་ཅུའི་རྒན་པོ་ཞིག་དང་འདྲ་བར་སྙིགས་རོའི་ཁྲོད་ན་ཁུ་སིམ་མེར་གནས་འདུག་པས་དུས་ད་ལྟ་ད་དུང་ཁང་གསར་རྒྱག་པའི་མགོ་བརྩམས་མེད་ལ། འཕེལ་མེད་སོར་གནས་ངང་ཇུས་གཞི་གསར་བའི་ཐབས་མཆོག་ཅིག་ག་ནས་ཀྱང་ཐོ་ཡེ་རེར་ཡོང་གིན་མི་འདུག
ད་སྐབས་མི་རྣམས་ལ་སྟབས་བདེ་བཟོ་ཆེད་དམ་འགྲུལ་བ་རྣམས་ཀྱི་དགོས་མཁོ་སྐོང་ཆེད། ཡང་ན་སྦྱིན་བདག་སྐོར་ཞིག་གི་འགྲན་རྩོད་འོག་ཏུ་མགྲོན་ཁང་གང་རུང་ལ་ལྕགས་སྦུག་གི་ལམ་ནས་བདེ་སྐྱིད་ཆུ་ཁོལ་གྱི་ཆུ་དྲངས་ཏེ་ཁང་བའི་ནང་རོལ་དུ་ཁྲུས་གཞོང་ཆུང་ངུ་རེ་བཟོས་ནས་ཆུ་ཁོལ་འདུག་མཁན་ཚང་མར་སྟབས་བདེ་གང་ལེགས་བསྐྲུན་འདུག འདི་ཡང་དོན་དམ་པས་བཤད་ན། འབྱོར་བས་ཕྱུག་པའི་རྒྱུ་ཡོད་ངོ་སོ་ཅན་རྣམས་ལ་ཆེད་དུ་བསྐྲུན་པའི་སྟེགས་བུ་ཞིག་ཡིན་པ་ལས་དབང་བོ་སྐྱོན་ཅན་དང་འབྱུང་གཞི་བདེ་ཆེད་ཆུ་ཁོལ་དུ་སྡོད་པའི་སྤྱི་དམངས་ཡོངས་ལ་དམིགས་ནས་སྒྲུབ་པ་ཞིག་མིན་པས་ཕན་པ་ཏིལ་འབྲུ་ཙམ་ཡང་སྦྱིན་མེད་དོ། །
གནས་ཚུལ་འདི་དག་གི་འོག་ཏུ་ང་དང་དང་ང་ལྟ་བུའི་ནུས་མེད་ཉམ་ཆུང་གི་མི་བུ་དག་གིས་འབྱུང་འགྱུར་གསར་སྐྲུན་ལ་རེ་སྨོན་ཙམ་ཞུ་བ་ལས་ཅི་ཞིག་སྒྲུབ་ཕོད་དམ། ཡང་གཅིག་བཤད་ན་ལོ་ངོ་འདི་འགའི་འཕེལ་རྒྱས་ཀྱི་འཆར་གཞི་ཆེན་པོའི་ཡིག་ཚགས་ཁྲོད་དུ་ལུང་གཞུང་འདིའི་འཛུགས་སྐྲུན་ལ་ད་དུང་འཕོ་འགྱུར་འདྲ་མེད་ཚེ་ནམ་ཡང་རྗེས་ལུས་ཅེས་པའི་མིང་བྱང་ལས་ཅི་ཡང་ཐོབ་རྒྱུ་མི་འདུག་སྙམ། 
པར་ལྡན་འོས་སྦྱོར།