中  文
རང་མོས་སྙན་ངག་གི་ཤེས་བྱ་མདོར་བསྡུས།
སྤེལ་དུས།  2013-04-04 10:42:35    རྡེབ་ཚད། 

རང་མོས་སྙན་ངག་གི་ཤེས་བྱ་མདོར་བསྡུས།

རང་མོས་སྙན་ངག་ཅེས་པ་ནི།སྲོལ་རྒྱུན་སྙན་ངག་གི་རྩོམ་ཚུལ་ལས་ཆེས་ཆེར་བརྒལ་ནས་ཚེག་བར་དང་རྐང་བའི་གྲངས་ལ་ངེས་པ་མེད་པར་གང་བདེར་བྲིས་ཆོག་པའི་དེང་དུས་ཀྱི་སྙན་ངག་གསར་བ་ལ་ཟེར།  རྩོམ་སྟངས་དེ་སྔོན་ཆད་བོད་ལ་རྩ་བ་ནས་མེད་པ་མ་ཡིན་ནའང་།རང་རྐྱ་ཐུབ་པའི་རྩོམ་སྲོལ་ཞིག་ཏུ་གྲུབ་མེད།དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་དུས་མགོ་ནས་བཟུང་སྟེ་རང་མོས་སྙན་ངག་གི་རྩོམ་སྲོལ་དེ་བོད་ཡོངས་སུ་དར་ཁྱབ་བྱུང་རྗེས།བརྩམས་ཆོས་གཅིག་རྗེས་གཉིས་མཐུད་དུ་ཐོན་ནས་ད་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་དང་།ད་ལྟ་བོད་ཀྱི་སྙན་ངག་གསར་རྩོམ་གྱི་རྣམ་པ་གཙོ་བོ་ཞིག་ཏུ་གྱུར་ཡོད།
རང་མོས་སྙན་ངག་ལ་སྤྱིར་སྙན་ངག་གསར་རྩོམ་གྱི་ཁྱད་ཆོས་གཙོ་བོ་རྣམས་ཚང་དགོས་པ་གཞིར་བཅས།སྲོལ་རྒྱུན་སྙན་ངག་དང་མི་འདྲ་བར་ཤོ་ལོ་ཀའི་ངེས་པ་མེད་ལ།ཚིག་རྐང་ཕན་ཚུན་བར་ཚེག་ཁྱིམ་གྱི་གྲངས་སྙོམས་དགོས་པའི་ངེས་པའང་མེད་པར།རྩོམ་པ་པོའི་བསམ་པའི་བརྩེ་དུང་གི་འགྱུར་བ་བཞིན་ཚིག་སྦྱོར་གང་བདེར་སྦྱར་ཆོག་པས།དེ་ནི་རང་མོས་སྙན་ངག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་།གསར་རྩོམ་གྱི་ཆོས་ཉིད་ཀྱང་ཡིན།
རྩོམ་པ་པོའི་ནང་བསམ་པའི་འགྱུར་བའམ་བསམ་པའི་བརྩེ་དུང་ནི་སྙན་ངག་གི་རྩ་བའི་བརྗོད་བྱ་ཡིན་པ་ལྟར།སྙན་ངག་གསར་བས་ཀྱང་རྩ་བའི་བརྗོད་བྱ་དེ་སྲོག་ཏུ་བཟུང་ཡོད་པ་མ་ཟད།ཚིག་སྦྱོར་ཐད་རྩོམ་པ་པོའི་བསམ་པའི་བརྩེ་དུང་གི་འཕེལ་རིམ་བཞིན་ཚིག་རྐང་རིང་ཐུང་སྣ་ཚོགས་གང་བདེར་སྦྱར་ཆོག་གོ།།དེ་ལྟ་བའི་ཚིག་སྦྱོར་སྤེལ་ཐབས་ལ་བརྟེན་ནས།རྩོམ་པ་པོའི་ནང་བསམ་པའི་འགྱུར་བ་ཇི་མ་ཇི་བཞིན་མཚོན་པར་བྱེད་པས།ཚིག་དང་ཡིག་འབྲུ་རེ་རེའི་བར་དུ་རྩོམ་པ་པོའི་བརྩེ་དུང་གི་དྲི་བསུང་འཐུལ་བ་དང་།བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་ཚིག་འཚམ་ཞིང་།ནང་དོན་དང་རྣམ་པ་གཅིག་གྱུར་གྱི་ཐོག་ནས་ཀློག་པ་པོའི་ཡིད་དབང་ཅིག་ཅར་ཏུ་འཕྲོག་པར་བྱེད་པའི་ནུས་པ་ལྡན་ཡོད།
དཔེར་ན།ལང་ཚོའི་རྦབ་ཆུལས་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་བོད་རིགས་གཞོན་ནུ་རྣམས་ཀྱི་སྤོབས་པ་དང་།སྙིང་སྟོབས།ཕུགས་བསམ་བཅས་བརྗོད་བྱར་བཟུང་ནས།རྩོམ་པ་པོས་ན་གཞོན་ཚོར་བཅོལ་བའི་རེ་འདུན་དང་།འཆང་བའི་བརྩེ་དུང་མཚོན་པར་བྱེད་སྐབས།རྩོམ་པ་པོ་རང་ཉིད་ཀྱི་ནང་བསམ་པའི་འགྱུར་བའི་འཕེལ་རིམ་བཞིན་ཚིག་སྦྱོར་གང་བདེར་བྱས་ཡོད་པ་ལས་ཚིག་རྐང་ཕན་ཚུན་བར་ཚེག་ཁྱིམ་གྱི་གྲངས་སྙོམས་དགོས་པའི་ངལ་བ་དང་དུ་ལེན་མི་དགོས་པ་ལྟ་བུའོ།།
གཞན་ཡང་རང་མོས་སྙན་ངག་ལ་གཅོད་མཚམས་དང་ངལ་གསོའི་མཚམས་ལ་ཆོས་ཉིད་ངེས་གཏན་མེད་པ་མིན་ལ།ཚིག་རྐང་གཅིག་ཚིག་འགའ་ཞིག་ཏུ་ཕྲལ་བར་ཡང་དགོས་པ་མེད་པ་མིན་ཞིང་།དབྱངས་ཀྱི་འདེགས་འཇོག་གསལ་བའི་ཁྱད་ཆོས་མི་ལྡན་པ་དེ་བས་མིན།གལ་སྲིད་གཅོད་མཚམས་དང་ངལ་གསོའི་མཚམས་ལ་ཆོས་ཉིད་མེད་པར་རྩོམ་མཁན་གྱི་འདོད་པ་ལྟར་དང་ལག་ནས་ཅི་ཐོན་བྱས་ན་དབྱངས་ཀྱི་འདེགས་འཇོག་མི་གསལ་ཞིང་།མ་མཐར་ཡང་ཚིགས་བཅད་ཀྱི་རྣམ་པ་ཞིག་ཏུ་གྲུབ་མི་ཐུབ།དེ་ལྟར་སྙན་ངག་གསར་བ་དང་ལྷུག་རྩོམ་བར་ཁྱད་པར་ཡེ་ནས་མེད་པར་གྱུར་པས།ང་ཚོས་རྩོམ་ཚུལ་གྱི་རྣམ་པ་དེ་ལྷུག་རྩོམ་ལས་ལོགས་སུ་བཀར་ཏེ་སྙན་ངག་གསར་བ་དང་རང་མོས་སྙན་ངག་ཞེས་མིང་འདོགད་པའི་དགོས་པ་གང་ཡང་མེད་པར་འགྱུར།འོ་ན་སྙན་ངག་གསར་བའི་གཅོད་མཚམས་དང་ངལ་གསོའི་མཚམས་ནི་ཚིག་སྦྱོར་གྱི་རྣམ་པའི་སྒོ་ནས་བལྟས་ན་སྲོལ་རྒྱུན་གྱི་སྙན་ངག་འབྲི་སྟངས་རྨང་གཞིར་བྱས་པའི་ཚིགས་བཅད་ཡིན་པ་གང་ཞིག་ཚིག་རྐང་ཕན་ཚུན་བར་ཚེག་བར་མང་ཉུང་སྙོམས་མི་དགོས་ཤིང་།གཙོ་བོར་དོན་མཚོན་པའི་དགོས་པར་གཞིགས་ནས་མཚམས་གཅོད་པ་དང་།ཀློག་པ་པོའི་ངལ་གསོའི་དབུགས་སྟབས་བདེ་ལོབས་ལ་བརྟེན་ནས་མཚམས་གཅོད་པར་བྱེད།ཀློག་པའི་ཚེ་དབྱངས་ཀྱི་འདེགས་འཇོག་རིང་ཆ་དང་ཐུང་ཆ་གང་ལ་ཅི་འོས་པ་ཞིག་གི་ཐོག་ནས་ངག་ལ་བདེ་ཞིང་རྣ་བར་སྙན་པ།སྒྲ་གདངས་ཀྱི་ཉམས་འགྱུར་མངོན་པར་གསལ་བ་ཞིག་ཡོང་བར་དམིགས་ནས་མཚམས་གཅོད་པར་བྱེད་པ་ཡིན།དེས་ན་རང་མོས་སྙན་ངག་ནི་ཚིག་འབྲུ་མང་ཉུང་དང་།ངལ་གསོའི་མཚམས།དབྱངས་ཀྱི་འདེགས་འཇོག་སོགས་ཆ་སྙོམས་པ་ཞིག་མ་ཡིན་ནའང་།འགྱུར་ཁུགས་མང་པོའི་དབྱངས་ཀྱི་ཉམས་འགྱུར་ཞིག་ཐོན་གྱིན་ཡོད།
 དཔེར་ན།ང་རང་སྦར་ཆོགཅེས་པའི་སྙན་ངག་ལས།
         “ང་གཞན་དོན་དུ་འཚོ་བ་ཡིན།
         ཡོད་ཚད་གཞན་ལ་འབུལ་ཆེད——
         ཆགས་སྡང་གིས་ཁེངས་པའི་མི་ཡུལ་འདིར།
         དྲོད་ཀྱི་སྤྲོ་བ་དང་།
         འོད་ཀྱི་བདེ་བ་ཙམ་སྟེར་ཕྱིར་འཚོའོ།།
         ངའི་ཚེ་སྲོག་གི་ཐ་མའང་།
         དྲོད་སྐྱིད་དང་འོད་སྣང་གིས་བསྡུས་འགྲོ།
 ཞེས་པ་ལྟ་བུ།བརྗོད་དོན་མངོན་པར་མཚོན་པའི་དགོས་པ་དང་།ཀློག་པ་པོའི་ངལ་གསོའི་དབུགས་སྟབས་བདེ་ལོབས་ལ་བརྟེན་ནས་གཅོད་མཚམས་ཕྱེས་པས་དབྱངས་ཀྱི་ཉམས་འགྱུར་མངོན་པར་གསལ་པ་ཞིག་བྱུང་ཡོད་པ་བཞིན་ནོ།།
བརྗོད་བྱ་ཞིག་རྫོགས་པའི་མཚམས་སམ་ཡང་ན་མ་རྫོགས་པའི་མཚམས་སུ་ཚིག་རྐང་གཅིག་གི་ཚིག་འབྲུ་རྣམས་ཕྲལ་ནས་ཡིག་ཕྲེང་རེ་རེར་ཚིག་འབྲུ་རེ་འཇོག་པ་དེ་ཡང་ངོ་མ་ཧོབ་སྟེ་བལྟས་ན་འབྲི་ཤོག་འགེངས་ཐབས་སམ།མིག་སྣང་ལ་མཛེས་ཐབས་ཙམ་ལས་དོན་ལ་དགོས་པ་དང་རྒྱུ་མཚན་གང་ཡང་མེད་པ་ལྟ་བུ་ཞིག་ཡོད།ཡིན་ནའང་བསམ་བློ་ཞིབ་ཏུ་བཏང་ཚེ་དེ་ལའང་དགོས་པ་དང་རྒྱུ་མཚན་མེད་པ་མིན་ཏེ།ཚིག་སོ་སོར་ཕྲལ་བྱའི་ཚིག་རྐང་གང་འདྲ་ཞིག་ཡིན་ནའང་དེའི་ནང་དོན་ནི་རྩོམ་ཡིག་གི་ནང་དུ་གནད་ཆེ་སའམ།འགངས་ཆེ་ས།ངེས་དགོས་པའི་དོན་ཁོ་ན་ཡིན།དེའི་ཕྱིར་ཚིག་འབྲུ་སོ་སོར་ཕྲལ་བ་ནི་དོན་དེ་ངེས་པར་བྱེད་པའི་དགོས་པ་དང་ལྡན་ཞིང་།ཚིག་འབྲུ་རེ་རེ་བཞིན་ཕྲལ་བ་ཏེ་ཡིག་ཕྲེང་རེ་རེར་བཞག་ན་ད་གཟོད་ཀློག་པའི་ཚེ་ནའང་ཚིག་འབྲུ་རེ་རེ་བཞིན་དལ་མོར་བཀླག་དགོས་པས་དོན་དེ་གཞན་དང་མི་འདྲ་བར་ཡིད་ལ་འཇགས་པ་ཡོང་གིན་ཡོད།འོན་ཀྱང་དགོས་པ་དང་མ་བསྟུན་པར་རང་འདོད་ལྟར་ཕྲལ་ན་སྐྱོན་ལས་ཡོན་ཏན་དུ་མི་འགྱུར་བ་རྟོགས་སླ།དེ་བཞིན་རང་མོས་སྙན་ངག་གིས་བསྡུས་བརྗོད་དང་གཟུགས་སུ་འགོད་པ།དཔེར་འགོད་པ།རབ་བཏགས།ཕྲ་མོ།དོན་གཞན་བཀོད་པ་སོགས་སྒྱུ་རྩལ་གྱི་མཚོན་ཐབས་སྣ་ཚོགས་ལ་བརྟེན་ནས་བརྗོད་དོན་མངོན་སུམ་དུ་མཚོན་པར་བྱེད་པ་དང་།རྒྱ་ཆེ་གཏིང་ཟབ་ཀྱི་སྒོ་ནས་གཟུགས་བརྙན་བཞིན་བཀོད་ནས་སྒྱུ་རྩལ་གྱི་ལོངས་སྤྱོད་ཟད་མི་ཤེས་པ་བསྐྲུན་གྱིན་ཡོད་དོ།།
 
             ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའིཞོགས་གླུརྩོམ་སྒྲིག་ཁང་གིས།
པར་ལྡན་འོས་སྦྱོར།